རྒྱང་རིང་གི་ཡུལ་གྲུ་དེ་ན།

ཚེ་བཀྲ་ཡིས།        2011-07-26

རྒྱང་རིང་གི་ཡུལ་གྲུ་དེ་ན།  བྱམས་ལྡན་གྱི་མ་ལོས་འོ་ཞོ་དང་འབྲི་མར་བཤམས་ནས་ང་ལ་སྒུག་ཡོད།  ཁོ་མོའི་བྱམས་བརྩེ་ཡི་རྨི་ལམ་ཁྲོད་དུ་བདག་ནི་ནམ་ཡང་ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་དང་།  ཁོ་མོའི་གསོལ་འདེབས་ཀྱི་བསང་སྤྲིན་ཀློང་ན་བདག་ནི་ནམ་ཡང་ཕ་གཞིས་བོར་བའི་འཁྱམ་པོ་ཞིག་ནམ་རྒྱུན་ཕ་ཡུལ་དུ་ལོག་ཐེངས་རེ་རེར།  ཁོ་མོའི་རློན་མདངས་ཤོར་བའི་མཁུར་ཚོས་ལས་མིག་ཆུ་ཟམ་ཟིམ་འབབ་ཅིང་།  ཁ་རོག་གེར་ངུ་བཤུམ་ཞིག་བྱས་རྗེས།  ད་གཟོད་ལོ་དེའི་ཞིང་ཕྱུགས་ཀྱི་དཔྱ་ཁྲལ་དང་མིང་སྲིང་ཚོའི་བདེ་སྡུག་གླེང་ངེས། 
ངོ་མ།  ཁྱིམ་གཞིས་ཆུང་ཆུང་འདིའི་ལྷོ་རྒྱབ་དང་བསྐལ་པ་མ་སྟོང་གི་བདེ་དྲོད་དེའི་ཕྱིར་དུ།  ཁོ་མོས་རྒྱང་རིང་གི་ཕ་ཡུལ་དང་རི་ཆུ་གླེང་ནས་མི་ལོ་ལྔ་བཅུ་འགོར།  ཁོ་མོས་མཛེས་སྡུག་གི་སྦྲ་གུར་དང་སྐར་ཚོགས་བསྲུངས་ནས་མི་ལོ་ལྔ་བཅུ་འགོར།  ཁོ་མོས་མི་ཁའི་འཕྱ་དམོད་དང་བརྙས་བཅོས་བསྲན་ནས་མི་ལྔ་བཅུ་འགོར།  ཁོ་མོས་ཁྱོ་གའི་ཆང་གཏམ་དང་འགྲམ་ལྕག་བསྲན་ནས་མི་ལོ་ལྔ་བཅུ་འགོར།  མི་ལོ་ལྔ་བཅུའི་དཀའ་ཚེགས་ཀྱི་འགྲུལ་བཞུད་ཁྲོད་ཁོ་མོ་ན་ཟུག་གིས་བགད་མྱོང་ལ་ངུས་ཀྱང་མྱོང་།
    ད་ལྟ།  ཁོ་མོས་མི་ལོ་ལྔ་བཅུའི་བྱིན་རླབས་ཀྱི་མར་མེའི་འོག་ནས་གཅེས་ཕྲུག་ཚོ་རེ་རེ་བཞིན་འཚར་ལོངས་བྱུང་ལ།  ཁོ་ཚོ་ལའང་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་སྡུག་གི་བསམ་བྱ་དང་བདེ་དྲོད་ཀྱི་ཁྱིམ་གཞིས་རེ་ཡོད།  འདི་ནི་ཁོ་མོས་སྙིང་སྟོབས་ཀྱི་ཞབས་རྗེས་ས་ཆེན་ལ་བརྐོས་པའི་གསེར་མདོག་གི་འདུན་མ་སྟེ།  མི་ཚེ་སྨད་ཀྱི་ཆེས་མཐར་ཐུག་གི་འབྱོར་ཕྱུག་དང་བདེ་སྐྱིད་ཡིན།
     རྒྱང་རིང་གི་ཡུལ་གྲུ་དེ་ན།  བརྩེ་ལྡན་གྱི་ནུ་བོས་ནོར་ལུག་གི་ཁ་གྲངས་བརྩིས་ནས་ང་ལ་སྒུག་ཡོད།  གཅེན་གཅུང་གཉིས་ཀྱི་སློབ་ཡོན་དང་འདུན་མའི་སླད་དུ། 
  • ལེ་ཚན་སྔོན་མ།:ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁ་ཤས་གླེང་བ།
  • ལེ་ཚན་རྗེས་མ།:འཛམ་བུ་གླིང་གི་ཟོག་གཡང་སྒང་པ་བོད་ཀྱི་ཁྱད་ནོར།