ང་ཚོ་ནི་བོད་ཀྱི་རྗེས་རབས་པ་ཡིན།

བན་དྷེ་ཚེ་བརྟན་གྱིས།        2011-05-12

ངའི་ཨ་ཁུ་ནི་སློབ་མཐར་ཕྱིན་པ་ནས་ད་ལྟའི་བར་དུ་ཁུལ་ཐོག་ན་སློབ་གསོའི་བྱ་བ་གཉེར་ནས་ལོ་མང་འགོར་བའི་དགེ་རྒན་དཀྱུས་མ་ཞིག་ཡིན།ཁོའི་ཆུང་མ་ཡང་ཁོ་དང་འདྲ་བར་ཐོག་མར་དགེ་རྒན་བྱས་པ་དང་རྗེས་སུ་ལས་གནས་སྤར་ཏེ་ཁུལ་སློབ་གསོ་ཅུའུ་རུ་མི་རིགས་སློབ་གསོའི་བྱ་བ་གཉེར་བའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན།གནའ་མིའི་ཁ་དཔེར“ས་བོན་ཅི་ཞིག་བཏབ་ན་དེ་མཚུངས་ཀྱི་འབྲས་བུ་སྨིན་སྲིད”ཅེས་པ་ལྟར་ཁོ་གཉིས་ཀྱིས་ཆུང་དུས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་འོགད་ལྟ་ཁོ་བཟའ་ཟླ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བྱ་བ་གཉེར་ཞིང་།འཚོ་བར་བདེ་སྐྱིད་ཀྱི་ཉི་འོད་འཕྲོས་པས།ངེད་སྡེ་བའི་མི་རྣམས་ཀྱིས་མིག་གིས་བལྟ་ས་དང་སེམས་ཀྱིས་བསྙེག་ས་ཡིན།
     ཡིན་ནའང་།ད་ལོའི་དབྱར་གནང་གི་སྐབས་སུ་སྡེ་བའི་རྒན་གཞོན་ཚང་མས་ངའི་ཨ་ཁུ་ལ་བཤད་ཡན་ཞིག་བཟོ་བཞིན་འདུགངས་ཨ་མས་ཁྱིམ་ལས་ཙག་ཙིག་ལས་ཞོར་ཏུ་ཨ་ཁུ་ལ་སྡིགས་མོ་དང་ལེ་བདའ་བྱེད་པར་ཉན་མཐར།བདག་གིས་ད་གཟོད་ཨ་ཁུ་བཟའ་ཟླ་གཉིས་བཟའ་ཚང་ཐོར་བའི་གནས་ཚུལ་གསལ་པོར་ཤེས་བྱུང་།
     མ་གཞི་ནི་ཁོ་གཉིས་ཀྱི་བུ་ཆུང་ཚེ་རིང་སློབ་གྲྭ་གང་ལ་བསྐྱལ་བར་གྲོས་མཐུན་མ་ཡོང་བས་འགལ་ཟླ་བྱུང་བ་རེད།ཨ་ཁུས་བསམ་པར་གཅིག་ན་རང་ཉིད་བོད་རང་གི་རིག་གཞུང་ལ་དུངས་ཞེན་ཆེ་བ་དང་།གཉིས་ན་རང་ཉིད་ནི་བོད་མི་རིགས་ཀྱི་སློབ་གསོ་སྐྱོང་བའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་གི་གཅེས་ཕྲུག་འདི་ཐོག་མར་ཕ་ཡུལ་རྩྭ་ཐང་གི་འཚོ་བར་གོམས་སུ་བཅུག་སྟེ་བོད་ཀྱི་འཚོ་བ་ལ་ཞེན་ཆགས་ལྡན་པའི་བོད་པ་ཤ་སྟག་ཅིག་བྱ་རུ་འཇུག་རྒྱུ་དང་།དེ་ནས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་བཞིན་བརྒྱུད་དུ་འཇུག་པའི་འཆར་གཞི་བཞག་ཡོད།འོན་ཏེ།ཨ་ནེས་རང་ཉིད་ཀྱི་ད་ལྟའི་བར་དུ་སློབ་གསོའི་བྱ་བ་གཉེར་བའི་ཉམས་མྱོང་ཁྲོད་བོད་ཀྱི་སློབ་གྲྭར་འགྲིམས་ན་རྒྱ་སྐད་རྒྱ་ཡིག་ལ་བྱང་ཆ་མི་ལྡན་པར་མ་ཟད།ད་དུང་ཕྱོགས་གང་ཐད་ནས་རྗེས་སུ་ལུས་འགྲོ་བའི་གནས་ལུགས་མང་པོ་བགྲང་རུང་།ཨ་ཁུ་དེ་ལ་རྩ་བ་ནས་འཐད་པ་མ་བྱུང་བ་དང་།ཁོས་མི་རིགས་ཤིག་གི་བླ་སྲོག་ནི་སྐད་དང་ཡི་གེ་ལ་རག་ལས་པ་དང་།མི་རིགས་ཤིག་གི་ཉམས་རྒུད་ཀྱང་དེའི་འཕེལ་འགྲིབ་ལས་མ་འདས་པའི་ཕྱིར་ན་སྤྱིར་སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད།རང་གི་སྐད་དང་ཡི་གེ་བརྗེད་ན་གཞན་གྱི་ཁྱད་གསོད་བྱ་ཡུལ་དང་བུ་རབས་ཚ་རྒྱུད་ཀྱི་ངོ་ཚ་ཡིན་པས།མགོ་བོ་ཤོར་དགོས་ཀྱང་ཕ་སྐད་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་དགོས་པའི་གནས་ལུགས་ཆུ་བོ་བཞུར་བཞུར་ངང་བཤད་བཤད་པའི་མཐའ་མར་ཁོ་བཟའ་ཟླ་གཉིས་ཀྱི་འཚོ་བ་མཉམ་རོལ་བྱེད་པའི་སྐལ་བའང་འཇུག་རྫོགས་པ་རེད།
     ཇི་སྐད་དུ“སྐད་དང་ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་ཆབ་སྲིད།རིག་གཞུང་བཅས་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་།ཡི་གེ་མེད་པའི་མི་རིགས་ནི་དེ་ལས་ལྡོག་པའོ”ཞེས་གསུངས་པ་བཞིན་ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེར་སེམས་ཁོང་ནས་གཙིགས་ཆེན་དུ་འཛིན་དགོས་ལ།དེ་ནི་ང་ཚོའི་ཕྲག་ཏུ་བབས་འདུག་པའི་འོས་འགན་ཡང་ཡིན།དེའི་ཕྱིར།ང་རང་ཨ་ཁུས་མི་རིགས་ལ་བཅངས་པའི་ལྷད་མ་འདྲེས་པའི་བརྩེ་སེམས་དེར་སྙིང་ཉེ་ཞིང་བློ་དགའ་བ་ཡིན།ད་ལྟ་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་དུ་དོན་དག་འདི་འདྲ་བྱུང་དང་འབྱུང་བཞིན་ཡོད་ལ།ནང་སྒོས་སུ་གྲོང་ཁྱེར་ན་འཚོ་བ་རོལ་བཞིན་པའི་བོད་ཀྱི་ལས་བྱེད་པ་མང་ཤོས་ཀྱི་བྱིས་པས་བོད་ཡིག་བོད་སྐད་མི་ཤེས་པ་མངོན་གསལ་དུ་གྱུར་འདུགཡིན་ནའང་།ང་ཚོ་ནི་དེ་ལས་ལྡོག་སྟེ་བོད་ཡིག་བོད་སྐད་བཤད་ཤེས་པའི་བོད་ཀྱི་རྗེས་རབས་པ་ངོ་མ་ཞིག་བྱ་དགོས་སོ།།
  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།
  • ལེ་ཚན་རྗེས་མ།:ཁམས་པར་ཕྱིར་མིག་ཅིག་བལྟས་པ།