ཕ་ཡུལ།
མཚོ་ལྷོ། སྟག་རིག་འབྲུག་ཐར་གྱིས། 2011-04-26
ཆུང་བྱིས་དུས། ཕ་ཡུལ་ནི་རྩེད་མཚར་གྱི་དོ་ར་ཆེན་པོ་ཞིག་གི་ངོས་ལེན་ལ་འཁྲུལ་ཏེ། མཐོན་རི་བོ་ཡིན་ཡང་ཞབས་ཟུང་པདྨ་འདྲ་བོ་བསྒྱུར་འདོད་ཀྱི་འདུན་པ་མེ་ལྕེ་ལས་དྲག་ཏུ་མཆེད་མྱོང་ལ། ཆུ་གཙང་པོ་ཡིན་ཡང་ཅོ་འདྲིའི་རྒྱུགས་རྩལ་རེ་འགྲན་འདོད་པའི་ཡིད་ཀྱི་འགྲམ་ཆུ་ལྷུག་ལྷུག་ལྡང་།
དུས་ད་ལྟ། རྒྱང་ལ་གཏད་པའི་མིག་གི་ལོངས་སྤྱོད་དུ། ཕ་ཡུལ་སྔར་བས་ཀྱང་མེ་ཏོག་ཅིག་རེད་ལ། མེ་ཏོག་གི་འདབ་ཕྲེང་རེ་རེ། བརྩེ་ཞེན་གྱིས་བཏུམས་པའི་དམར་ཆུང་བྱུ་རུ་ཡིན་འདུག
ཆུང་བྱིས་དུས། ཕ་ཡུལ་ནི་འགྲམ་བྲལ་གྱི་མཁར་རྫོང་མཐོན་པོ་ཞིག་གི་ཚུལ་འཆོས་སུ་སྤྲས་ཏེ། འབྲོག་རུ་ཁྱིམ་ཡིན་ཡང་དག་ཞིང་གི་གནས་མཆོག་ཅིག་ཏུ་བརྩིས་ཤིང་། རྒྱུ་འབྱོར་བ་ཡིན་ཡང་ནོར་ལྷ་ཡི་ཕྱྭ་གཡང་འགུག་སའི་བང་མཛོད་ཅིག་ཏུ་བརྩི།
དུས་ད་ལྟ། རྒྱང་ལ་བསྲིངས་པའི་ཐོས་འཛིན་གྱི་བུ་ག་རུ། ཕ་ཡུལ་སྔར་བས་ཀྱང་རོལ་དབྱངས་ཤིག་རེད་ལ། རོལ་ཆས་དེའི་རྒྱུད་སྐུད་རེ་རེ། མི་ཉམས་པའི་དབྱངས་འགྲོས་རྐྱང་རྐྱང་ཉིད།
ཆུང་བྱིས་དུས། ཕ་ཡུལ་ནི་དུས་བཞི་པོ་དབྱར་གྱིས་བཀླུབས་པའི་མཛེས་སྡུག་གི་དག་ཞིང་ཞིག་ཏུ་འདོད་ལ། དུས་མཚན་མོ་ཡིན་ཡང་སྤྲོ་དགའི་འཕྱམ་གཡེང་རེ་བྱེད་པར་འདོད།
དུས་ད་ལྟ། རྒྱང་ལ་ཕྱོགས་པའི་སེམས་པའི་ཕོ་བྲང་ན། ཕ་ཡུལ་སྔར་བས་ཀྱང་དྲོད་ཐིགས་ཀྱི་ཆ་ཤས་རེ་རེ། འགྱུར་བྲལ་གྱི་རྡོ་རྗེ་ཕ་ལམ་ཡིན་འདུག