སྤྲིན་ལ་བསྐུར་པའི་སྙིང་གཏམ།
བསོད་ནམས་འཚོས། 2011-04-26
ཆར་པ་ཟིམ་ཟིམ་འབབ་སྐབས། ང་རང་སྒེའུ་ཁུང་གི་འགྲམ་དུ་ལངས་ནས་རྒྱང་རིང་གི་རི་རྩེ་ལ་རྒྱང་བལྟ་བྱས། ཆར་པ་སྔར་བཞིན་འབབ་ཀྱིན་འདུག་ལ། སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་གིས་ངའི་ལྷིང་འཇགས་ཀྱི་སེམས་པ་དེ་དཀྲོགས་བྱུང་།
ཨ་མ་ལགས། ཡུལ་ལ་ལོག་ཐེངས་རེར་ངས་ཁྱོད་ཀྱིས་བཤད་ནས་ཚར་རྒྱུ་མེད་པའི་ཡིད་སྐྱོ་པའི་གཏམ་རྒྱུད་རེ་རེར་ཉན་ནས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས། མིང་སྲིང་ཚོ་ལ་བརྩེ་འདང་གཅིག་མཚུངས་ཡིན་ནའང་ངའི་དྲན་པའི་མེ་ལོང་ངོས་ན་ཡོད་པ་ནི་འཇིག་རྟེན་གོར་མོ་འདི་ཁྱེད་དང་ང་གཅིག་པུ་ལས་གྲུབ་པ་དང་འདྲ་བར་མི་གཅིག་ཀྱང་ངའི་སེམས་སུ་ཚུད་མི་ཐུབ། སློབ་གྲྭའི་མཚན་མོ་རེ་རེར་ངས་ཁྱེད་ཀྱིས་སྐམ་ཞིང་རིད་ལ་ཉམ་ཐག་པའི་ངོ་གདོང་དེ་དྲན་བཞིན་འདས་དོན་གྱི་རྦ་ཀློང་དུ་ཞུགས་འགྲོ་ལ། སྐབས་དེར་མིག་མཐའི་མཆི་མ་ཡང་མ་བོས་མགྲོན་དུ་གྱུར།
ཨ་མ་ལགས། ཡང་མཚན་མོ་ཞིག་ལ། ཁྱེད་ཀྱིས་རང་ཉིད་བརྒྱུད་མྱོང་བའི་དཀའ་སྡུག་གི་འཚོ་བ་དེ་དག་ང་ལ་བཤད་དུས། ངའི་དྲན་པའི་ཀློང་ལ་སྤོབས་པས་རབ་ཏུ་ཁེངས་པའི་མེ་ལྕེ་ཞིག་སྦར་བྱུང་། འུ་ཚང་གི་ཁྱིམ་གཞིས་དྲོན་མོ་འདི་ཆགས་པ་ནས་བཟུང་ཁྱེད་ཀྱིས་དཀའ་ངལ་བརྒྱ་ཕྲག་གི་ཁུར་པོ་འཁུར་ནས་ཁྱིམ་ཚང་འདི་ལ་འབད། ཁྱེད་རང་མི་ལོ་བཅུ་གསུམ་གྱི་སྟེང་ནས་བཟུང་ཁྱིམ་གྱི་འགན་ཕྲག་ཏུ་བབས་མོད། དཀའ་སྡུག་གི་ལོ་ཟླ་རེ་རེ་བརྒལ་ཏེ་མི་ལོ་བཞི་བཅུ་ལྷག་འདས། དེའི་རྐྱེན་གྱིས་མོ་ལོ་བཅུ་དྲུག་ལ་སོན་པའི་ང་རང་དཀའ་སྡུག་གི་རྐང་སྟེགས་དེ་དག་བརྒྱུད་མ་དགོས་པར་བྱིའུ་ཕྲུག་བཞིན་ཁྱེད་ཀྱིས་བརྩེ་སེམས་ཀྱིས་གཤོག་འོག་ཏུ་འཚར་ལོངས་བྱུང་།
ཨ་མ་ལགས། ལོ་ཟླ་འདི་དག་ནི་ཆོམ་རྐུན་ཞིག་རེད། དེ་དག་གིས་ཁྱེད་ཀྱི་མཁུར་ཚོས་ཀྱི་དམར་མདངས་དང་གནག་སྣུམ་གྱི་སྐྲ་ལོ། དཀར་ཞིང་འཇམ་ལ་ཟླུམ་པའི་ཡན་ལག་རྣམས་བརྐུས་པས། ཁྱེད་ཀྱི་མིག་ཟུར་གྱི་གཉེར་མ་དང་། དབུ་སྐྲ་དཀར་པོ། འཁྱོག་པོར་སྒུར་པའི་ལུས་པོ་བཅས་ཀྱིས་ཅི་ཞིག་གསལ་བཤད་བྱེད་ཀྱིན་འདུག
ཨ་མ་ལགས། ངས་ཁྱེད་ཀྱིས་གཏམ་རྒྱུད་རེ་རེར་ཉན་བཞིན་མི་ལོ་བཅུ་དྲུག་འདས་སོང་། ང་ཁྱེད་དང་མཉམ་དུ་འཚོ་བའི་ཁྲོད་རྙེད་པ་ནི་སེམས་ཁུར་དང་བཟོད་བསྲན། ཕན་ཚུན་ལ་འགྲིག་མཐུན་བྱ་རྒྱུའི་སློབ་གསོ་ཡིན།
ཨ་མ་ལགས། ནམ་ཞིག་ངས་རང་ཉིད་ལ་འཚོ་བ་གསར་བ་ཞིག་བསྐྲུན་ཐུབ་ཚེ་ཁྱེད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྱལ་ཡོངངེས་ཡིན། ལོ་འདི་དག་གི་རིང་ལ་ངའི་བརྩེ་དུང་གི་རྦ་རླབས་འཕྱོ་ས་ཁྱེད་ཉིད་ཡིན་ཞིང་། ངའི་རྨི་ལམ་གྱི་མཚོ་མོར་དུས་རྒྱུན་བསླེབས་མཁན་ཡང་ཁྱེད་ཉིད་ཡིན།
ཨ་མ་ལགས། སྤྲིན་པ་ཡར་འགྲོ་ཞིག་ལ་ངས་བརྗོད་མི་ཚར་བའི་སྙིང་གཏམ་འདི་དག་བསྐུར་ཡོད། མཐར་ཁྱེད་རང་སེམས་ཁུར་གྱི་ཀློང་ནས་ཕྱིར་བུད་དེ་མ་ཎི་ཡིག་དྲུག་བཟློ་བཞིན་སྐུ་ལུས་ལ་ན་ཚ་ཅི་ཡང་མེད་པར་གསེར་མདོག་གི་ཉི་མ་བཞིན་ནམ་ཡང་འཚེར་བའི་སྨོན་འདུན་ཞུ།