མ་ཎི་འཁོར་ལོ་ལས་བྱུང་བའི་འཆར་སྒོ།

        2011-04-11

བྱིས་པའི་དུས་སུ།ང་ཚོའི་གྲོང་སྡེའི་དཀྱིལ་གྱི་འཁོར་ཁང་དུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད།རྒན་འཁོགས་རྣམས་ཀྱིས་དུས་རྒྱུན་དུ་རང་གི་ཚ་བོ་ཚ་མོ་རྣམས་ཁྲིད་ནས་མ་ཎི་འཁོར་ལོ་སྐོར་བ་དང་བྱིས་པ་སྐྱོང་བ་རེད།ང་ཚོ་བྱིས་པ་རྣམས་ཀྱི་བསམ་པའི་ནང་དུ་དད་པའི་འདུ་ཤེས་ཅི་ཡང་མེད་པས།མཚམས་མཚམས་སུ་རྒྱ་རའི་ནང་དུ་རྩེད་མོ་རྩེ་བ་དང་།ལན་རེར་ཨ་སྤོ་ཨ་རྨོའི་རྗེས་སུ་འབྲངས་ནས་མ་ཎི་འཁོར་ལོ་སྐོར་རོགས་བྱས།མ་ཎི་འཁོར་ལོ་སྐོར་རོགས་བྱེད་སྐབས།ཁོང་ཚོའི་བཞིན་ལ་འཛུམ་མདངས་མངོན་བཞིན་དུ་ང་ཚོར་དགེ་བ་ཡོད།དགེ་བ་ཡོད་ཅེས་འཆད་ཅིང་།དུས་དེ་ནས་བཟུང་སྟེ་མ་ཎི་འཁོར་ལོ་བསྐོར་ན་དགེ་བ་ཡོད་ཅེས་པ་དེ་བདག་གི་སེམས་སུའང་འཁོར་མོད།འོན་ཀྱང་དགེ་བ་ཞེས་པ་དེ་ཅི་ཞིག་ཡིན་པ་དང་།གང་ན་ཡོད་པ་ཤེས་ཀྱིན་མེད་ལ།བསམ་བློའང་བཏང་མ་མྱོང་།
ཡིན་ནའང་།མ་འགྱངས་པའི་སྔོན་དུ་བདག་སྐུ་འབུམ་བྱམས་པ་གླིང་དུ་མཇལ་སྐོར་ལ་སོང་བ་ན།སྣེ་ཤན་མ་ཞིག་གིས་ང་ཚོ་མ་ཎི་འཁོར་ལོ་ཆེན་པོ་ཞིག་གི་མདུན་དུ་ཁྲིད་ནས་རྒྱ་སྐད་ཀྱིས་འགྲེལ་བཤད་འདི་ལྟར་བྱས་བྱུང་།མ་ཎི་འཁོར་ལོ་འདིའི་ནང་དུ་ཆོས་ཀྱི་གཟུངས་མང་བོ་དཔར་ནས་བཅུག་ཡོད་པས།མ་ཎི་འཁོར་ལོ་བསྐོར་ན་ནང་གི་ཆོས་ཀྱི་གཟུངས་བཏོན་པ་དང་ཁྱད་མེད།འདི་ནི་ཆེད་དུ་ཡི་གེ་མི་ཤེས་པའི་མི་དང་ཆོས་འདོན་མི་ཤེས་པ་མི་རྣམས་ཀྱིས་དགེ་བ་སྒྲུབ་བྱེད་དུ་བཟོས་པ་རེད་ཅེས་ཟེར།དེ་ནས་བཟུང་སྟེ་བདག་གིས་མ་ཎི་འཁོར་ལོ་ནི་ཡི་གེ་མི་ཤེས་པའི་མི་རྣམས་ལ་འབྲེལ་བ་ཡོད་པའང་ཤེས་སོང་།
གནས་ལུགས་འདི་མ་ཤེས་ན་ཅི་ཡང་མི་བསམ་མོད།འོན་ཀྱང་གནས་ཚུལ་འདི་ཤེས་རྗེས།བསམ་བློ་བཏང་གིན་བཏང་གིན་ཡིད་ལ་སྐྱོ་བ་ཞིག་དབང་མེད་དུ་སྐྱེས་བྱུང་།
 ང་ཚོས་ཤེས་གསལ་ལྟར།རང་རེའི་ཁ་བ་ཅན་གྱི་ལྗོངས་སུ་ཆེས་དར་ཁྱབ་ཆེ་བ་ནི་ཆོས་ལུགས་དང་།གང་སར་ཁྱབ་པའི་བཟོ་ལས་ལག་རྩལ་གྱི་ཐོན་རྫས་ནི་མ་ཎི་འཁོར་ལོ་ཡིན།ས་གང་ན་སོང་ན།མ་ཎི་འཁོར་ལོ་མེད་ས་ཞིག་མཐོང་དཀོན་པ་དང་།དགོན་པ་ཞིག་ཡོད་ན།དེ་རུ་མ་ཎི་འཁོར་ལོ་ཆེ་ཆུང་བགྲང་གིས་མི་ལང་བ་ཡོད་པར་མ་ཟད།ད་རུང་མི་རེ་རེས་མ་ཎི་ལག་སྐོར་རེ་བསྐོར་ནས་འགྲོ་བཞིན་ཡོད།ཆོས་ཀྱི་གཟུངས་སྔགས་རྣམས་ཤིང་དང་རྡོ་ལ་བརྐོས་ཤིང་ཤོག་བུའི་ངོས་སུ་དཔར་ཡོད་པ་དང་།ཡང་ན་རས་སུ་དཔར་པ་རྣམས་དར་ཤིང་ལ་བཏགས་ཏེ་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་པ་དེ་དག་གིས་རང་གིས་ཆོས་འདོན་པའི་ཚབ་བྱས་པ་རེད།དེ་ལས་བོད་མི་མང་ཆེ་བས་ཆོས་དད་ཟབ་མོས་དགེ་བ་སྒྲུབ་འདོད་པ་དང་འཚང་རྒྱ་བར་འདོད་པའི་རེ་བ་ཤེས་ཐུབ་མོད།འོན་ཀྱང་།ཡི་གེ་འདོན་མི་འདོད་པ་དང་འདོན་མི་ཤེས་པ་ལ་དོ་སྣང་མི་བྱེད་པ་རེད།ཕྱོགས་གཅིག་ནས་ངན་སོང་གི་སྡུག་བསྔལ་ལ་སྐྲག་པས་ཆོས་ཀྱི་གཟུངས་མང་དུ་བསོག་འདོད་པ་དང་།ཕྱོགས་གཞན་ཞིག་ན་ཡིག་ཐོག་ནས་འདོན་མི་ཤེས་ཤིང་ཡིག་ངོ་མ་ཆོད་ཀྱང་།མ་ཎི་རླུང་འཁོར་དང་ཆུ་འཁོར།དར་ལྕོག་སོགས་རང་བྱུང་གི་ཤུགས་ལ་བརྟེན་ནས་འདོན་དུ་བཅུག་སྟེ་དགེ་བ་སྒྲུབ་ཆོག་སྙམ་པ་རེད།
དེར་བརྟེན།མ་ཎི་འཁོར་ལོ་བསྐོར་བ་ཙམ་གྱིས་འདོན་བློ་ཚིམས་ནས།རིག་གནས་སློབ་པ་ལ་གཙིགས་ཆེན་མི་བྱེད་ཅིང་།གཞན་གྱི་རྗེས་སུ་ལུས་ཡོད་པའང་མ་ཤེས་པར་བློ་བདེ་བག་ཕེབས་སུ་བསྡད་ཡོད་པ་རེད།མ་ཎི་འཁོར་ལོ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཡིག་རྨོངས་པ་ཡང་ཇེ་མང་དུ་འགྲོ་བ་དང་།མ་ཎི་འཁོར་ལོ་ཇི་ལྟར་མགྱོགས་པར་འཁོར་ན་རང་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་འཁོར་ལོའང་དེ་ལྟར་ཇེ་དལ་དུ་འགྲོ་བ་དང་།དར་ཤིང་ཇི་ལྟར་མཐོ་ན་རང་རིགས་ཀྱི་སྤྱི་ཚོགས་གོ་གནས་ཀྱང་དེ་ལྟར་ཇེ་དམའ་རུ་འགྲོ་བཞིན་འདུག། མ་ཎི་འཁོར་ལོ་སྐོར་བ་དང་དར་ལྕོག་སྒྲེང་བས་ཆོས་འདོན་པའི་ཚབ་བྱས་པའི་སྤྱོད་ཚུལ་དེ་རིགས་ལ་ཚེ་ཕྱི་མར་ཕན་པ་ཡོད་མེད་མི་ཤེས་ཀྱང་།ཚེ་འདིར་རང་རིགས་ཀྱི་རིག་གནས་སློབ་པ་དང་།སློབ་གསོ་གོང་དུ་སྤེལ་བ་ལ་ཕན་པ་མེད་པ་ནི་གསལ་ལེར་མངོན།གལ་ཏེ་ཐབས་འདི་ཐོག་མར་འདོན་མཁན་དག་གིས་ཡི་གེ་འདོན་མ་ཤེས་པའམ་ཡིག་ངོ་མ་ཆོད་ན།ཆོས་ལ་དད་པ་བྱས་ནའང་ཕན་པ་མེད་ཅེས་ནན་བཤད་བྱས་ཡོད་ཚེ།ད་ལྟ་ང་ཚོ་བོད་པ་ནི་འཛམ་གླིང་མི་རིགས་གྲས་ཀྱི་སྔོན་མ་སྔོན་མ་ཞིག་ཡིན་མིན་མི་ཤེས་ནའང་།འདི་འདྲའི་རྗེས་ལུས་ཤིག་ག་ལ་ཡིན་སྲིད་དེ།མི་སྲིད་དོ། ད་ལྟ་འཛམ་གླིང་ན་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ནི་ཨ་རི་ཡིན།ཨ་རི་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པའི་རྒྱུ་མཚན་ནི་ཚན་རིག་ལག་རྩལ་ཧ་ཅང་དར་ཡོད་པའི་སྟབས་ཡིན་པ་དང་།དེ་ཡང་རྩ་བ་ནས་བཤད་ན་སློབ་གསོ་དར་རྒྱས་ཆེ་བས་ཡིན་ནོ།ཡིན་ནའང་།ཨ་རིའི་རྒྱལ་ཁབ་དེ་ལྷ་མེད་ཆོས་མེད་ཀྱི་རྒྱལ་ཁབ་ཅིག་མ་ཡིན་པར།ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་པའི་སྲོལ་ཧ་ཅང་དར་བའི་རྒྱལ་ཁབ་ཅིག་ཡིན་ཏེ།དཔེར་ན།འཇིག་རྟེན་འཕུར་སྐྱོད་པས་ཚན་རིག་ལག་རྩལ་ཐད་ནས་ཆེས་མཐོ་བའི་འཇིག་རྟེན་འཕུར་གྲུ་བསྐོར་ནས་རིམ་ཕྱིའི་ནམ་མཁར་འཕུར་དུས་སུ་ཧ་ལས་པའི་ངང་ནས་འཇིག་རྟེན་བདག་པོ་སྟོབས་ཤུགས་ཅི་འདྲ་ཆེ་ཨང་།འདི་འདྲའི་འཇིག་རྟེན་ཆེན་པོ་སྐྲུན་ཐུབ་བྱུང་ངོ་ཞེས་བཤད་པ་ལས་ཀྱང་ཤེས་ཐུབ། ལོ་རྒྱུས་ཐོག་ནས་བལྟས་ན།ཨ་རིའི་ས་ཆ་ག་གེ་མོར་གཞོགས་ཡོང་བའི་གྲོང་ཚོ་རེ་ཆགས་མ་ཐག་ཏུ་ཆོས་ཚོགས་ཀྱིས་ཀྱང་དེ་རུ་སློབ་གྲྭ་རེ་བཙུགས་པ་ཡིན་ལ།སྐབས་དེར་ཡེ་ཤུའི་ཆོས་ལུགས་པའི་ཆོས་པ་རྣམས་ཀྱིས་《དམ་པའི་གསུང་རབ》དེ་ནི་འཇིག་རྟེན་བདག་པོའི་བཀའ་དང་དགོངས་པ་བཀོད་པའི་གཞུང་ཡིན་ཅིང་།མི་རེ་རེས་《དམ་པའི་གསུང་རབ》ཐད་ཀར་འདོན་ཐུབ་ཅིང་གོ་བ་ལེན་ཐུབ་པས་ན།ད་གཟོད་རང་ཉིད་ཀྱི་རྣམ་ཤེས་ལ་ཐར་བ་འཐོབ་ཐུབ་པར་མ་ཟད།
འཇིག་རྟེན་བདག་པོ་དང་ལྷུན་དུ་གནས་ཐུབ་ཅེས་འཆད།དེས་ན།མི་རྣམས་ཀྱིས་《དམ་པའི་གསུང་རབ》ཐད་ཀར་འདོན་ཤེས་པའི་ཆེད་དུ་གང་ས་གང་དུ་སློབ་གྲྭ་བཙུགས་ཤིང་བྱིས་པ་རྣམས་སློབ་གྲྭར་བསྐྱལ་ནས་ཡི་གེ་སློབ་ཏུ་བཅུག་པ་དང་།སློབ་གསོའི་ལས་དོན་ཁྱབ་གདལ་དུ་སྤེལ་བའི་མགོ་ཚུགས་པ་རེད།སྐབས་དེར་ཆོས་དད་དང་སློབ་གྲྭའི་སློབ་གསོ་བར་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད།ཆོས་དད་ཀྱི་དགོས་མཁོ་ཡིས་སློབ་གྲྭའི་སློབ་གསོ་སྤེལ་བར་ཤུགས་རྐྱེན་དྲག་པོ་ཐེབས་ཡོད། ཨ་རིས་སྒེར་ཚུགས་ཀྱི་རྒྱལ་ཁབ་མ་བཙུགས་གོང་དུ།རླབས་ཆེ་བའི་བསམ་བློ་པ་དང་ཆབ་སྲིད་པ་རྣམས་ཀྱིས་ཤེས་བྱ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་སྲོག་ཡིན་པར་འདོད་པ་དང་།མ་འོངས་པའི་སྲིད་གཞུང་ནི་ཆེས་དམངས་གཙོ་དམངས་བདག་ཅན་དང་།ཆེས་རང་དབང་ཅན་ཞིག་ཡིན་དགོས་པ་ལས།ཡིག་རྨོངས་པས་ཁྱབ་པའི་མངའ་ཁོངས་ཤིག་གཏན་ནས་ཡིན་མི་རུང་སྙམ་སྟེ།སློབ་གསོ་སྤེལ་བ་དང་།ཡིག་རྨོངས་སེལ་བའི་ཕུགས་བསམ་དེ་མངོན་འགྱུར་བྱེད་པའི་ཆེད་དུ་ཆོས་ལུགས་དྲིལ་བསྒྲགས་གང་མང་བྱས་པ་རེད།དུས་དེ་ནས་བཟུང་སྟེ་ཨ་རིའི་རྒྱལ་ཁབ་ལ་སྔོན་བྱུང་མ་མྱོང་བའི་སློབ་གསོའི་ལོ་རྒྱུས་ཤིག་བྱུང་ཞིང་།རྒྱལ་སྲིད་ཀྱི་ཁྲིམས་མ་སྤེལ་སྔོན་དུ་སློབ་གསོའི་ཁྲིམས་སྤེལ་པ་དང་།དུས་དེ་ནས་བཟུང་སྟེ་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་པས་སློབ་གསོ་རྩ་བར་འཛིན་པའི་སྲོལ་བཟང་བསྐྱངས་པ་དང་།དེས་དེ་ནས་བཟུང་སྟེ་ལོ་རབས་ནས་ལོ་རབས་བར་དང་།མི་རབས་ནས་མི་རབས་བར་དུ་རྒྱུན་མ་ཆད་པར་འབད་པ་བྱས་པས།སློབ་གསོ་དང་ཚན་རིག་ལག་རྩལ་ཆེས་སྔོན་ཐོན་ཅན་གྱི་ཚད་ལ་བསླེབས་པར་གྱུར།
གནས་ཚུལ་དེ་ལ་བལྟས་ན།ཕྱོགས་གཅིག་ནས་མི་རེ་རེས《དམ་པའི་གསུང་རབ་》ཐད་ཀར་འདོན་ཤེས་ནས་ཐར་བ་འཐོབ་ཐུབ་པའི་ཆེད་དུ་སློབ་གསོ་སྤེལ་བ་དང་།ཕྱོགས་གཞན་ཞིག་ནས་ཤེས་ཡོན་སྤེལ་རྒྱ་ཆེ་ཞིང་ཆུ་ཚད་མཐོ་བའི་རྒྱལ་དམངས་ཁྲོད་དུ་དམངས་གཙོ་དམངས་བདག་གི་སྲིད་ལུགས་གསར་བ་ཞིག་འཛུགས་ཐུབ་བྱུང་།
དེའི་ཕྱིར།ཨ་རིའི་སློབ་གསོའི་བྱ་བཞག་ཀྱང་ཡར་ཟླ་བཞིན་གོང་ན་གོང་དུ་འཕེལ།
 ང་ཚོས་བསམ་བློ་གཏོང་དགོས་པ་ནི།མི་རིགས་གཞན་པར་ཆོས་ལ་དད་པ་བྱེད་པའི་སྲོལ་ཡོད་མོད་ཀྱང་།སློབ་གྲྭའི་སློབ་གསོ་ལ་གནོད་པ་མེད་པར་མ་ཟད་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།ང་ཚོ་དད་ལྡན་གྱི་བོད་མི་རིགས་ཀྱང་དེ་ལྟར་ཡིན་ན།བོད་ཀྱི་སློབ་གསོ་ཆེས་ཆེར་འཕེལ་ངེས་ཡིན་མོད།འོན་ཀྱང་།ཡིད་སྐྱོ་བ་ཞིག་ནི་ཆོས་ལུགས་དད་མོས་ཆེ་བའི་བོད་མིས་ཡི་གེ་མ་ཤེས་ཀྱང་གཞན་གྱིས་ཆོས་འདོན་རོགས་ཞུ་བའམ།མ་ཎི་འཁོར་ལོ་སྐོར་བའམ།ཆུ་དང་རླུང་དང་དར་བཅས་ཀྱིས་ཚབ་བྱས་ཆོག་པའི་ལེ་ལོའི་སྤྱོད་ཚུལ་དེས་སློབ་གསོ་སྤེལ་བར་ཕན་ཐོགས་མེད་པར་མ་ཟད།ད་དུང་གནོད་པ་བྱས་ཡོད་སྙམ།
  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོའི་གསང་རྣམ།
  • ལེ་ཚན་རྗེས་མ།:གང་ཟག་ལ་གང་ཟག་གིས་ཚད་མི་ཐུབ།