དགེ་རྒན་ཚོ།

ཆོས་འཁོར་ཚེ་དཔག་སྐྱབས།        2011-02-23

ཞོགས་པའི་ཉི་ཟེར་གྱི་འོད་མདངས་ལ་འཁྱུད་པའི་དགེ་རྒན་ཚོ།   ལྷ་ཚོགས་ཀྱི་མཆོད་མདུན་ན་བཤམས་པའི་མར་མེའི་ཀོང་བུ་རེ་རེ་ཡིན།    ཚ་ལམ་ལམ་གྱི་མེ་ལྕེ་དྲགས་པོས་མི་ཡུལ་འདིའི་  མུན་པ་བསྲེག་དགོས་ཤིང༌།  འོད་སྣང་གང་ཞིག་གི་ཆེད་དུ་རང་ཉིད་མེ་རུ་བསྒྲོན་རྒྱུ་དེ་ཁོ་ཚོ་གཞིས་ཁྱིམ་འདིར་ལྷགས་ཉིན་གྱི་དམ་བཅའ་དང་པོ་ཡིན།
      དྲང་བདེན་དང་གནས་ལུགས་ཀྱི་ས་བོན་གཞན་ནས་བཙལ་ཞིང་གཞན་ལ་སྩོལ་བའི་དགེ་རྒན་ཚོ།    རི་བོ་དང་སྤྲིན་པའི་ལྟག་རྒྱབ་ན་ལུས་པའི་ཉི་མ་དང་ཟླ་བ་ཡིན།    རྣམ་དཔྱོད་དང་བློ་གྲོས་ཀྱི་གཟི་འོད་ཟབ་མོས་འཇིག་རྟེན་གྱི་ལེགས་ཉེས་དང་བླང་དོར་བསྙད་དགོས་ལ།     རེ་བ་དང་མཛེས་སྡུག་གི་མྱུ་གུ་མོད་པོ་ཡིད་སྣང་ལ་བཀྲམ་རྒྱུ་ནི་ཁོ་ཚོ་ལམ་སྣ་འདིར་ཞུགས་པའི་མཐར་ཐུག་དེ་ཡིན།  
      ར་རི་དང་འབག་བཙོག་གི་དྲི་མས་མ་སྦགས་པའི་དགེ་རྒན་ཚོ།    མི་སེམས་དང་གངས་རིའི་གསེབ་ནས་བཞུར་བའི་ཆུ་མིག་དེ་ཡིན།   གཞན་ཕན་དང་དག་གཙང་གི་སེམས་རྒྱུད་དྭངས་མོས་མི་རབས་ཤིག་གི་རྣམ་ཤེས་ལ་དབུགས་དབྱུང་སྦྱིན་དགོས་ལ།   སྙན་གྲགས་དང་ངོ་སོ་ཐེད་ལ་བོར་ནས་ཆས་རྒྱུ་དེ་ཁོ་ཚོ་སྐྱེ་འཚར་འབྱུང་བའི་གོ་རིམ་གྱི་ཁ་དོག་གཞན་ཞིག་ཡིན།
རྨོངས་མུན་དང་ཤེས་འཐོམས་ཀྱི་འཆིང་རྒྱ་དུམ་བུར་གཅོད་པའི་དགེ་རྒན་ཚོ།    མཆོད་བཞེས་དང་དད་ཕྱག་མ་ཐོབ་པའི་དཀོན་མཆོག་ངོ་མ་དེ་ཡིན།    རྫུ་འཕྲུལ་དང་བྱིན་རླབས་ཀྱིས་ སྟོང་བའི་ཁོ་ཚོས་ཆག་གྲུམ་ཤོར་བའི་གཞིས་ཁྱིམ་གང་དེའི་ལས་དབང་སྐྱོར་དགོས་ལ།  ནད་ཡམས་དང་མུ་གེས་གཙེས་པའི་མི་བུ་རེ་རེ་འགྱིང་ངེར་བསླང་རྒྱུ་དེ་“དགེ་རྒན་”གྱི་ཐ་སྙད་བདག་གིར་བཞེས་པའི་ཆོད་སེམས་རྣལ་མ་རང་ཡིན།
      ཤེས་རིག་གི་རྒྱགས་ཕྱེ་དང་ལྷག་བསམ་གྱི་དུངས་པ་ཕངས་མེད་ངོམས་པའི་དགེ་རྒན་ཚོ།    བྱམས་བརྩེ་དང་དྲོད་ཁོལ་ལྷན་དུ་འཁྱིལ་བའི་ཕ་མ་ཡིན།     ཟོལ་མེད་ཀྱི་ཕྱི་ཐག་དང་བརྩེ་འདང་གིས་རྒྱུས་མངའ་མེད་པའི་བྱིས་པ་ཚོར་བུ་ཕྲུག་ལྟར་གཅེས་ཤིང༌།   བླ་མེད་ཀྱི་མཛད་འཕྲིན་དང་  མིག་རྒྱང་རིང་མོས་དུས་རབས་ཤིག་གི་འཕར་རྩ་དྲག་ཏུ་ལྡིང་བར་སྟ་གོན་བྱེད།
  • ལེ་ཚན་སྔོན་མ།:ཕ་ཡུལ་ཕྱོགས་སུ་བསྐུར་བའི་རེ་ཞུའི་སྐད་ཆ་འགའ།
  • ལེ་ཚན་རྗེས་མ།:བོར་བཞིན་པའི་སྦྲ་ནག་དང་རྒྱང་བཞུད་ཀྱི་འབྲོག་ཁྱི།