ཕ་ཡུལ་ཕྱོགས་སུ་བསྐུར་བའི་རེ་ཞུའི་སྐད་ཆ་འགའ།

ཨོ་རྒྱན་དོན་གྲུབ་ཀྱིས།        2011-01-20


     དེང་སང་མི་རྣམས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དགོས་ཚུལ་གྱི་སྐད་ཆ་འདྲ་མིན་སྣ་ཚོགས་ཤོད་ཀྱིན་ཡོད་ན་ཡང་།རྩ་བའི་རྩ་བར་གྱུར་བ་ནི་ང་ཚོ་བོད་མི་རིགས་ཧྲིལ་པོ་འདི་ཉིད་གཞན་རྗེས་སུ་ལུས་ནས་ཀུན་གྱི་མཐོང་ཆུང་བྱ་བའི་ཡུལ་དུ་གྱུར་བའི་སྐབས་འདིར།ཆུང་ཆུང་བྱིས་པ་དག་ནས་མགོ་བརྩམས་ཏེ་བག་མེད་ཀྱིས་དུས་འདའ་བར་མི་བྱེད་པར་ལྷག་བསམ་རྣམ་དག་གིས་རང་གི་སྐད་ཡིག་ལ་འབད་པ་བླ་ལྷག་ཏུ་སྐྱེད་དགོས་པ་ཡིན།དཔེར་ན།མི་ལ་ཐོས་པ་དགའ་མཐུ་སློབ་ཏུ་འགྲོ་བའི་ཚེ་ཞལ་ཏ་བྱས་པ་ཡིན་ཏེ།དེ་ཡང་མི་ལའི་རྣམ་ཐར་ལས།ངེད་རྣམས་ལམ་དུ་ཆས་པ་ལ།ཨ་མ་ཐག་རིང་གི་བར་དུ་སྐྱེལ་དུ་ཕྱིན་པའི་ལམ་བར་དང་།སྐྱེལ་ཆང་འཐུང་སར་ཨ་མས་ངའི་གྲོགས་པོ་རྣམས་ལ་ཁ་བརྡ་མང་པོ་བྱེད་ཅིང་འདུགཁྱད་པར་དུ་ང་རང་ཟུར་དུ་བཀར་ནས།མ་གཅིག་དང་བུ་གཅིག་འབྲལ་མི་ཕོད་པར་ཨ་མས་ངའི་ལག་པ་ནས་བཟུང་སྟེ་བཅང་བཅང་བྱས་ཤིང་གདོང་མཆི་མས་གང་བའི་ངུ་ངག་གིས་འུ་ཅག་མ་སྨད་ཀྱི་ལས་བསྐོས་ལ་ལྟོས་ལ།ཡུལ་དུ་མཐུའི་རྟགས་ཐོན་པ་ཞིག་ཅེས་ཀྱང་གྱིས་ཤོག་ཅིགཁོང་ཚོའི་མཐུ་དང་འུ་ཅག་གི་མཐུ་མི་འདྲའོ།།ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུགའུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག་ཅེས་གསུངས་པ་བཞིན་ང་ཚོ་ཟ་རྐྱང་དང་ཉལ་རྐྱང་ཙམ་མི་རུང་བ་ནི་གནད་ཀྱི་དམ་པ་ཡིན་པར་སེམས།
     རྒྱུ་མཚན་གང་ཞེ་ན།དེང་སང་བོད་ཡུལ་གྱི་བྱིས་པ་དང་ན་གཞོན་ཕལ་མོ་ཆེ་ཞིག་ཡིག་རྨོངས་ཁོ་ན་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།ཐ་ན་ཡི་གེ་འབྲི་ཀློག་ཙམ་ཡང་མི་ཤེས་ན་རང་རིགས་ཀྱི་རིག་གནས་གཞན་མི་ཤེས་པ་ནི་ལྟ་ཅི་སྨོས།དེ་བས་རིག་གནས་མེད་ན་དེང་སང་གི་དུས་ལྟ་བུར་མཚོན་ན་སྙིང་པོ་དང་ལྡན་པའི་བྱ་བ་གང་ཡང་བསྒྲུབ་མི་ཐུབ་སྟེ།ཆེ་བཟོ་ཚོང་གི་བྱ་བ་དང་།འཇིག་རྟེན་ལས་འདས་པའི་སྤང་བླང་གི་བྱ་བ་སོགས་འགྲུབ་རྒྱུ་ཕར་ཞོགཐ་ན་ཚོང་ཁང་དང་སྨན་ཁང་སོགས་ནས་བྱ་བ་ཤིན་ཏུ་ཕྲན་ཚེགས་ཙམ་རེ་ཡང་སྒྲུབ་རྒྱུར་དཀའ་ཚེགས་གཞན་ལས་ཆེ་བ་རེ་འབྱུང་གིན་པ་ནི་མངོན་སུམ་ཡིན།དེས་ན་དེའི་ཕྱོགས་ན་མི་འདང་བའི་ཆ་དང་དགོས་ངེས་ཀྱི་ཆ་གང་མང་ཞིག་ལ་ངོས་ཟིན་ཡང་དག་གིས་ལག་ལེན་མཐའ་འཁྱོངས་བྱེད་དགོས་པ་ནི།གཅིག་ན་ཕ་མ་ཚོས་ཕྲུ་གུ་རྣམས་ནི་མ་འོངས་བོད་ཀྱི་ཆོས་འཇིག་རྟེན་གཉིས་ཀྱི་བདག་པོ་ཉག་གཅིག་ཡིན་པ་དང་།ཁོ་ཚོ་སྐྱེད་སྲིང་ལེགས་པོ་ཞིག་མ་བྱས་ན་འབྱུང་འགྱུར་མི་རིགས་འདིའི་ལུགས་གཉིས་འཕེལ་རྒྱས་དང་རྒྱུད་འཛིན་གཉིས་ཆར་གྱི་གོ་སྐབས་ཡེ་ནས་མེད་པར་འགྱུར་བའི་ངེས་ཤེས་ཟབ་མོ་འདྲོངས་དགོས་པ་ལས།རྒྱ་མཐོང་ཁ་ནས་རྒྱལ་ཁབ་ལ་མི་བལྟ་བར་ཐབ་ཁུང་ཁའི་ཚིལ་བསྲེག་ལ་བལྟས་ཏེ་བུ་ཕྲུག་རྣམས་ཕྱུགས་རྫི་དང་སོ་ནམ་པ་ཙམ་ཞིག་ཏུ་ཨུ་ཚུགས་ཀྱིས་འཕྲོག་བརླགས་གཏོང་མི་རིགས་པ་དང་།གཉིས་སུ།ཕ་མ་དང་བུ་ཕྲུག་ཚོས་ལུགས་གཉིས་ཀྱི་བྱས་འབྲས་གང་ཡང་མེད་པར་མི་ཚེ་སྟོང་ཟད་དུ་མི་བྱེད་པར་མིག་རྒྱང་རིང་ཙམ་ལ་བལྟ་རྒྱུ་གལ་ཆེ་བ་ཡིན་པ་ལས།བྱམས་སེམས་གོ་ལོག་གིས་ཕ་མས་བུ་ཕྲུག་སློབ་གྲྭར་གཏོང་མི་བྲ་ཁུལ་དང་།བུ་ཕྲུག་གིས་ཕ་མར་འབྲལ་མི་ཕོད་ཁུལ་བྱས་ཏེ་ལ་ལུང་ནས་རི་དྭགས་བཞིན་གནས་གཏན་ནས་མི་རུང་བ་དང་།གསུམ་དུ།ཕ་མ་ཚོས་དཀའ་ཚེགས་ལ་མ་འཛེམ་པར་བུ་ཕྲུག་སློབ་གྲྭར་བཏང་ཡང་དགོས་པ་མི་འདུག་སྟེ།བྱ་བ་གང་ཡང་ལག་ཐོག་ཏུ་མི་སྤྲད་དོ་ཟེར་ན་ཡང་།དེ་ནི་ཞིབ་འདང་མ་བརྒྱབ་པས་ལན་པ་ཡིན་གྱི།བུ་རང་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར།རིག་གནས་ཡོད་ན་བྱ་བ་རང་གིས་བཙལ་ན་ཆོག་པས།བྱིས་པ་དང་མི་རིགས་ཀྱི་ཇི་སྲིད་འཚོ་བའི་བར་གྱི་ཡར་རྒྱས་ཀྱི་དོན་ཤིན་ཏུ་ཆེན་པོ་ཡིན་པ་སེམས་ལ་བཟུང་ནས་རིག་གནས་ངེས་པར་དུ་སྦྱང་དགོས་པ་ཡིད་འཇོག་བྱེད་རྒྱུ།བཞི་ན།སློབ་མ་རང་ངོས་ནས་ཀྱང་སློབ་གྲྭ་ནས་བག་མེད་དུ་རྣམ་གཡེང་གིས་དུས་འདའ་བར་མི་བྱེད་པར།རང་མི་རིགས་ཀྱི་ལུགས་གཉིས་ཀྱི་ཤེས་བྱ་ལ་སྦྱང་བ་བྱས་ཏེ་སྔར་ཡོད་རྣམས་མི་ཉམས་གོང་འཕེལ་དང་།དེའི་སྟེང་དུ་མི་རིགས་གཞན་དག་གི་ལེགས་ཆ་ཉེར་མཁོ་རྣམས་ཀྱང་བསླབས་ཏེ་བེད་སྤྱོད་གཏོང་ཤེས་པར་བྱས་ཏེ།ཕྱི་དངོས་པོའི་འཚོ་བ་ཡར་རྒྱས་དང་ནང་སེམས་ཀྱི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་འབྱུང་བར་བྱ་དགོས་ལ།བོད་མི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་འོང་བ་ལ་ནི་རང་རེ་ཀུན་གྱིས་རེ་སྨོན་བྱེད་བཞིན་ཡོད་པས་ཕྱི་ནང་གཉིས་ཆར་ནས་དོ་མཉམ་གྱི་འཕེལ་རྒྱས་ཤིག་འབྱུང་བ་ནི་ཅི་ནས་ཀྱང་གལ་ཆེན་དང་འགངས་ཆེན་གྱི་གནས་ངེས་པར་ཡིན་ནོ།།
     གཞན་ཡང་།དགེ་རྒན་རྣམས་ཀྱིས་རང་ཉིད་ལ་མཐོང་ཆུང་དང་ལས་གནས་ལ་རྩིས་ཆུང་བྱེད་མི་རིགས་ཏེ།བློ་མཐུན་ཅཱ་ལིས་ལིན་གྱིས།དགེ་རྒན་ནི་མིའི་རིགས་ཀྱི་ཡིད་ཤེས་བཟོ་བཀོད་པ་ཡིན་ཞེས་བསྔགས་པ་དང་།བླ་མ་མེད་པའི་གོང་རོལ་ན།།སངས་རྒྱས་ཞེས་པའི་མིང་ཡང་མེད་ཅེས་གསུངས་པ་ལྟར་དགེ་རྒན་གྱི་བྱ་བ་ནི་ཧ་ཅང་རླབས་ཆེན་དང་།དགེ་རྒན་གྱི་ལས་གནས་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ངེས་པར་དུ་ཡིན་དགོས་ཏེ་ཡིན་ངེས་ཀྱང་རེད།
     འོན་ཀྱང་།ཡིད་ཕམ་པ་ཞིག་ལ་སློབ་ཆུང་གི་དགེ་རྒན་མང་ཤོས་ཤིག་གིས་རང་ལ་དམའ་འབེབས་དང་།ལས་གནས་ལ་མཐོང་ཆུང་བྱས་ཏེ་རང་ཉིད་རིག་གནས་པའི་དཔུང་གྲལ་དུ་ཚུད་ཀྱིན་མེད་པ་ལྟ་བུའི་འདུ་ཤེས་ངན་པ་ཆགས་ནས་ལས་གནས་བརྗེ་སྤོར་ལ་ཤི་རེམས་གོ་རེམས་བྱེད་ཀྱིན་པ་འདི་ག་རེད།དེ་ལ་ཡང་དགེ་རྒན་དེ་ཚོར་ཕྱིའི་མཚན་ཐོབ་དང་ནང་ཚིམས་བདེ་གཉིས་ཆར་ནས་འགལ་རྐྱེན་འདྲ་མིན་འབྱུང་གིན་འདུག་སྟེ།མི་རྣམས་ཀྱིས་སློབ་ཆུང་དགེ་རྒན་ཞིག་ཡིན་ཕྱིན་ལས་ཀ་བ་སྤྱིར་བཏང་བ་ཞིག་གི་ཚད་ལས་གདེང་འཇོག་མཐོན་པོ་མི་གནང་བ་དང་།རང་ཡང་ཞིང་ཕྱུགས་ལས་རིགས་པ་ཕལ་བ་ཙམ་ལས་མི་གྲལ་དུ་ཚུད་ཀྱིན་མེད་པའི་སེམས་ངལ་གྱིས་བློ་རྒྱ་གུ་དོག་པོ་ན་ནམ་ཡང་བག་འཁུམ་གྱིས་གནས་ནས་འདུགའོན་ཀྱང་།དགེ་རྒན་དེ་དག་བློ་ཆུང་སེམས་ཆུང་གིས་གནས་དགོས་དོན་གཏན་ནས་མེད།རྒྱུ་མཚན་གང་ཡིན་ཞེ་ན།སློབ་གསོ་རིམ་པ་ལྟར་ཕྱེ་བའི་ཁྲོད་ཀྱི་སློབ་གྲྭའི་སློབ་གསོ་སྟེ།ལྷག་པར་དུ་སློབ་ཆུང་སློབ་གསོ་འདི་ཉིད་ནི་རྩ་བའི་ནང་གི་གཙོ་བོ་དང་འགག་སྒོའི་ནང་གི་ཡང་སྒོ་ཡིན་པས།དེ་གལ་ཆུང་གིས་དམན་སར་བཅད་ན་ཕྱིན་ཆད་བརྒྱུད་དགོས་པའི་སློབ་གྲྭ་དག་ལས་ཀྱང་ཤེས་ཡོན་པ་རྣམ་དག་ཅིག་གསོ་སྐྱོང་བྱེད་ཁག་པོ་རེད།དེ་ལྟར་གྱུར་ཚེ་མི་རིགས་འདིའི་འབྱུང་འགྱུར་དེ་ངོ་མ་ཚར་སོང་བ་རེད།དེ་བས་སློབ་ཆུང་དགེ་རྒན་ཚོས་གཞན་གྱི་མཐོང་ཆུང་ཙམ་ལ་མི་གཟོད་པར་ལེགས་ཉེས་ཀྱི་དབྱེ་བ་མི་འབྱེད་པར་མཐའ་གཅིག་ཏུ་རང་ཉིད་ཐབས་རྡུགས་ཀྱི་གྲལ་དུ་འཕེན་པ་ནི།དེང་རབས་བོད་ཀྱི་བུད་མེད་ཚོས་རང་ཉིད་མི་རིགས་ཀྱི་རྒྱུད་འཛིན་པ་དང་བྱམས་པ་བླ་ལྷག་ཏུ་ལྡན་པའི་དྲིན་ཅན་གྱི་ཨ་མ།འཇིག་རྟེན་གཉོལ་བའི་སྟོབས་ལྡན་གྱི་བྱེད་པོ་སོགས་ཁྱད་ཆོས་གཞན་ལས་ལྷག་པ་ཡོད་པ་འདང་མི་རྒྱག་པར།ལོ་རྒྱུས་དང་ཆོས་ལུགས།སྐྱེས་པ་དག་གི་ཐོབ་དབང་མ་སྤྲད་པ་ལྟར་དུ་ངན་ཁག་དཀྲིས་ཏེ།ལག་པ་གཡས་གཡོན་གྱི་བྱེད་པོ་ལས་མི་ཤེས་པར་རང་ཉིད་རང་ཉིད་ཀྱིས་དམན་གྲལ་དུ་འཕེན་གྱིན་འདུག་པ་དང་ཨ་ན་མ་ན་རེད།དཔེར་ན་ལག་གཡས་པས་བྱེད་ཐུབ་ཚད་གཡོན་མས་ཀྱང་ཐུབ་པའི་ངེས་པ་མེད་ལ།ལག་གཡོན་པས་བྱེད་ཤེས་པ་གཡས་པས་ནུས་པའི་ངེས་པའང་ག་ལ་ཡོད།དེ་བས་རང་རང་གི་ཁྱད་ཆོས་དང་བྱེད་ལས་གཙིགས་སུ་བཟུང་ནས་བྱ་བ་དོན་ལ་འཁྱོལ་ཡོང་བར་བྱས་ན།བོད་ཀྱི་བྱིས་པ་གང་མང་ཞིག་རིག་པའི་བདེ་ཐང་ནས་འཚར་ལོང་འབྱུང་ཐུབ་ལ།ཤེས་ལྡན་པ་དེ་ཪྙེད་ཀྱིས་སྐད་ཡིག་ཡར་རྒྱས་དང་གོང་འཕེལ་བཏང་ནས།མི་རིགས་ཀྱི་འབྱུང་འགྱུར་འདི་ཉིད་གཟི་འོད་ལྡན་པ་ཞིག་ཏུ་འཛུགས་སྐྲུན་གང་ལེགས་བྱེད་ཐུབ་ཁོ་ཐག་རེད།
  • ལེ་ཚན་སྔོན་མ།:བུད་མེད་ཀྱི་མིག་ཅིག་གིས་བོད་ཀྱི་བུད་མེད་ལ་ལྟ་བ།
  • ལེ་ཚན་རྗེས་མ།:དགེ་རྒན་ཚོ།