སེམས་གཤིས་ཀྱི་རྒྱང་འབོད

འབའ་སེང་སྨྱོན་གྱིས        2010-12-27

ཞིང་གྲོང་གི་གཏམ་རྒྱུད།
     ཞིང་གྲོང་། ས་རྡུལ་གྱི་སྨུག་ལོང་ཁྲོད་སྨིན་ཞིང་། ཞིང་པ་ཚོ། ལྕགས་ཁེམ་གྱི་རྩོལ་ཤུགས་ལ་འབྱར་འདུག
     ཉི་ཟླ་དང་འགྲོགས་པའི་ལོ་ངོ་ཁྲི་སྟོང་གི་རིང་ལ། ཞིང་པ་ཚོས་དབྱར་གྱི་ཚ་གདུག་ཁྲོད་ནས་མཛད་རྗེས་ཀྱི་རྔུལ་ཆུ་ཟས་སུ་བརྗེས་ཤིང་། དགུན་གྱི་གྲང་ངར་ཁྲོད་མེ་དཔུང་བཞིན་དྲོ་བའི་སེམས་པ་རུམ་སྟེ་ཕྱི་རོལ་གྱི་མཁའ་དབུགས་རྔུབ་ཀྱིན་མི་ཚེ་ཡི་ལམ་རྒྱགས་འཚོལ་བར་བྲེལ།
     ཞིང་གྲོང་། ཁྱོད་ཀྱི་ནམ་མཁའ་སྟོང་སང་སང་། ཁྱོད་ཀྱི་ས་གཞི་སྐྱ་ཐང་ཐང་། ཁྱོད་ཀྱི་ཡུལ་ལྗོངས་ལ་རྨོངས་ཞེན་གྱི་མུན་པ་ཇེ་སྟུག་ནས་ཇེ་སྟུག ཁྱོད་ཀྱི་པང་ནས་གྲང་ཤུར་ཤུར་གྱི་གཏམ་རྒྱུད་ཇེ་མང་ནས་ཇེ་མང་། ང་རང་ཕོ་ལོ་བཞི་གསུམ་བཅུ་གཉིས་ལ་སོན་ཏེ་ཕུགས་བསམ་གྱི་གནས་ཚང་ཕྱི་རོལ་ལ་གཡར་བ་ནས་བཟུང་། ཁྱོད་རང་ལྗན་ལྗིན་གྱི་རོལ་དབྱངས་བཞིན་ངའི་བློ་ངོ་ནས་ཡལ་མ་མྱོང་། མ་ཡུམ་བཞིན་སེམས་ཁོང་ནས་དོར་མ་མྱོང་། ང་རང་བྲག་ཐོག་གི་གླ་བོ་དང་ཐོད་དཀར་གྱི་འབྲི་མོ་བཞིན། འགྲུལ་བཞུད་ཀྱི་འབབ་ཚིགས་རེ་རེ་ནས་ཕྱི་མིག་གིས་འཁྲེང་སེམས་ཁྱོད་ལ་གཏད་ཅིང་། བརྩེ་དུང་གི་གླུ་ཆུང་ཁྱོད་ལ་བླངས་ནའང་། ཁྱོད་རང་རྨི་ལམ་སྟུག་པོའི་ལྷིང་འཇགས་ཁྲོད་གཉིད་ལ། རི་རབ་བརྟན་པོའི་བྱང་སེམས་རུམ་ཞིང་ཀུན་གསལ་ཡངས་པའི་སྙིང་རྗེ་སྒོམ་ནས་ཅི་ཞིག་ལ་སྒུག་ཨང་།
     གཞན་ཡུལ་གྱི་འགྱུར་ལྡོག་གིས་གནམ་ས་བསྒུལ་བྱུང་། གཞན་ཡུལ་གྱི་འཕེལ་རྒྱས་ཀྱིས་འཇིག་རྟེན་གྱི་ལྷིང་འཇགས་དཀྲོགས་སོང་། ཡིན་ནའང་ཁྱོད་ལ་ཅི་ཞིག་ཡོད་མྱོང་། ཅི་ཡང་མེད་པའི་ཁྱོད་ཀྱིས། ས་རྡུལ་གྱི་ཕུང་པོ་དཀྲུགས་ནས་ཪྙེད་པའི་རིན་ཆེན་གྱི་གཏེར་ཁ་ཅི། རྡོ་བ་ཡི་ཚ་དྲོད་གླེང་ནས་བརྩིགས་པའི་ཕོ་བྲང་གང་། འཇོར་དང་ལྕགས་ཁེམ་འབྱར་ནས་བཞེངས་པའི་མཆོད་རྟེན་གང་ཡིན། ང་ཁྱོད་ཀྱི་སྒལ་གཞུང་ན་བཟི་བའི་ཆང་འཐུང་དེ་ཡིན་སོང་།
     ངའི་སེམས་ཁུར་གྱི་རི་རབ་དང་ན་ཟུག་གི་ཚེར་མ་ཁྱོད། ནར་སོན་པའི་དུས་ཚིགས་ནམ་ཞིག་ལ་ང་བྱ་ལྟར་འཕུར་ནས་ཁྱོད་ལ་བར་སྣང་ཡངས་མོ་ཞིག་བཟོ་འདོད། ང་མེ་ལྟར་འབར་ནས་ཁྱོད་ཀྱི་ཡུལ་ལྗོངས་ལ་གཏམ་རྒྱུད་གསར་པ་ཞིག་བསྐྲུན་འདོད།
     རྩྭ་ཐང་གི་ཟློས་གར།
     རྩྭ་ཐང་། ལུག་ཁྱུ་དང་སྤྲིན་དཀར་གྱི་ལྡིང་ཆ་གཡོ་བའི་སྤང་ཐང་ཆེན་པོ། འབྲོག་པ་ཚོ། མི་ཚེ་ཡི་ཉིན་སྲིབ་གངས་ཁྲོད་ནས་འཇལ་བའི་རྣམ་ཤེས་ཁྱུ་གཅིག
     ལོ་ཟླའི་འཁོར་འགྲོས་རྟ་ཕོའི་བང་ལྟར་མགྱོ གས། དུས་ཀྱི་གོམ་ཁ་སྐྱི་བསེར་རླུང་ལྟར་མྱུར། ཁྱོད་ཀྱི་ཡུལ་ན། གནག་ཕྱུགས་ལས་རྫི་བོ་མང་ཞིང་། སྦྲ་ཁེབས་རླུང་གིས་འཁུར་ཚུལ་དང་སྦྲ་ནག་རླུང་གིས་ཟོས་ཚུལ་གྱི་གཏམ་རྒྱུད་མོད། ཁྱོད་ཀྱིས་གང་ཞིག་འཚོ་བའི་མགོན་དུ་བཀུར་ཞིང་། གང་གིས་ཁྱོད་ལ་སེམས་པ་བསྟན་མྱོང་།
     འཕུར་ནས་གོ་ལར་བསྐྱོད་པ་ཐན་ལྟས་ཀྱི་དཔེ་རུ་འཛིན་ཅིང་། རྐང་ཐང་གིས་དབུས་ལམ་སྙེག་པ་ངོ་མཚར་དུ་བགྲང་། དུས་ཚིགས་ཀྱི་ཆར་ཆུ་ལང་ཚོ་རུ་འཛིན་ལ། གྲོང་ཁྱེར་གྱི་གློག་བཞུ་འཇིགས་དངངས་སུ་བལྟ། ཀྱེ། སྦྲ་ནག་གི་ཁ་ཚུབ་ཡངས་པོར་ཕྱེས་དང་། ནམ་མཁར་ལྕགས་བྱ་འཕུར་གྱིན་ཡོད་ལ། ས་གཞིར་རླངས་འཁོར་གྱི་འདུ་འཛི་འཁྲིགས། ཁྱོད་ད་དུང་བག་ཕེབས་ངང་འདར་གྱིན་པ་ཡི་རེ་མུག་ཨང་།
     གོ་ཐོས་ལ། རྩྭ་ཐང་ལ་འོད་སྟོང་འབར་བའི་ཁ་སང་ཞིག་ཡོད་མྱོང་ཟེར། ད་ནི་མི་ལོ་ཁྲི་སྟོང་རིང་གི་རྨི་ལམ་ལས་ཡར་ལ་ལོངས། གཟི་འོད་འཕྲོ་བའི་སང་ཉིན་དེ་རང་ཤུགས་ཀྱིས་འདེབས་དགོས་པ་ལས། སྐྱབས་བཅོལ་དང་རེ་འབོད་ཁོ་ནས་ཅི་ལ་ཕན་ཨང་།
     སེམས་ཁོང་གི་གླུ།
     འཁྱག་སིབ་སིབ་ཀྱི་གཏམ་རྒྱུད་དག་ཁ་སང་བྱུང་བར་བརྫུས་ན། དེ་རིང་ལྗིད་ཏིག་ཏིག་གི་རྨི་ལམ་དེ་ལས་སད་པར་གྱིས་དང་། འོད་ལམ་ལམ་གྱི་སང་ཉིན་དེའི་སླད་དུ་འབད་པར་རིགས། ང་དུས་རབས་འདིའི་མི་རིགས་ཀྱི་མགྲིན་ཚབ་པར་འགྲེང་ནས། རང་ཉིད་ཀྱི་སྨྲ་བརྗོད་གནམ་སའི་བར་སྣང་ནས་བརྡོལ་བའི་གླུ་ཆུང་འདི་ཕ་ཡུལ་དུ་དྲངས་སོ། །
  • ལེ་ཚན་སྔོན་མ།:ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ
  • ལེ་ཚན་རྗེས་མ།:འཚོལ་སྙེག་གི་ལམ་བུ།