འཚོལ་སྙེག་གི་ལམ་བུ།

བཀྲ་ཤིས་ཀྱིས།        2010-12-30

སྲིད་ན་ཤུལ་ལམ་མེད་ནའང་།དམ་པ་རྣམས་ནི་ཕྱིན་གྱུར་པས།ལམ་ཞེས་བྱ་བ་ཡོད་པར་གྱུར།  རྩོམ་རིག་སྨྲ་བའི་ཁྱུ་མཆོག་ལུའུ་ཞུན་ནས།
   
འཚོལ་སྙེག་ཅེས་པ་ནི་བདེ་བའི་རང་བཞིན་དང་སྡུག་གི་ངོ་བོས་ཟུང་དུ་གྲུབ་པའི་བདེ་སྡུག་འཁོར་སྐྱོད་ཅན་ཞིག་ཡིན་པས་གནའ་ནས་ད་བར་དམ་པ་གང་མང་ཞིག་གིས་ས་སྒང་འདི་རུ་གོམ་པའི་འདེགས་འཇོག་ལྕི་ཡང་ཇི་ཙམ་བཞག་ཡོད་པ་བགྲང་གིས་མི་ལངས་པས་ང་ཚོ་ད་ལྟ་སྐྱོད་བཞིན་པའི་རྐང་འོག་གི་ལམ་བུ་འདི་རུ་རིགས་ཞེན་དཔའ་བོའི་ཟུངས་ཁྲག་དྲོན་མོ་བཞུར་ཡོད་ལ་ང་ཚོ་འཚོ་བཞིན་པའི་གནས་མལ་དུའང་དེ་དག་གི་རྔུལ་ཆུ་སིམ་ཡོད་པ་ནི་སྙིམ་པ་བྲང་ཁར་སྦྱར་ཏེ་དད་གུས་ཀྱིས་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ལགས།འོན་ཏེ་ཪྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས་ནའང་འདྲ།ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་བསྒོམས་ཀྱང་རུང་།དུས་རབས་ཀྱི་སྤྱི་འགྲོས་དང་།སྤྱི་ཚོགས་ཀྱི་ཁོར་ཡུག རང་ཉིད་ཀྱི་གནས་བབས་དང་འོས་མཚམས་པའི་ལམ་ཞིག་དགོས་པ་ལས་མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་རི་མོ་མངོན་དུ་དོད་པའི་གནའ་ལམ་དེ་ལ་ཤི་འཐམ་རོ་འཐམ་བྱས་པ་ཡིན་ན་རྭ་ལྟར་གྱོ ང་བའི་ཨུ་ཚུགས་ཅན་གྱི་བསམ་བློ་ལས་མ་འདས།ཉིན་ལྟར་ཁོ་བོས་དེ་ལྟར་བསམ་དུས་འཇིགས་སྐྲག་དང་འཚེར་སྣང་གང་ཡང་མེད་པའི་སྤོབས་པ་ཞིག་སྐྱེས་བ་དང་ཆབས་ཅིག་འཚོལ་སྙེག་གི་ལང་ཚོ་འབར་ཞིང་གཏན་འདུན་གྱི་མེ་ལྕེ་མཆེད་པའི་ན་གཞོན་རིགས་ཞེན་ཅན་མང་པོ་དྲན་པའི་མེ་ལོང་ངོས་སུ་གསལ་ལྷང་ངེར་བཀྲ།
   ཐང་དཀར་རྒོད་པོས་ནམ་འཕང་གཅོད་པ་མཁའ་ལམ་གྱི་ཆེད་དང་གཡང་དཀར་ལུག་གིས་གཡང་གཟར་བགྲོད་པ་ནི་བདེ་ལྡན་གྱི་ཞིང་ཁམས་ཤིག་གི་དོན་དུ་ལས་མ་འདས་མོད།ཁོ་རང་ཚོ་སྟེ།དུས་རབས་ཀྱི་འཕོ་འགྱུར་གྱིས་བསྲེག་བཅད་བརྡར་གསུམ་བྱས་ཤིང་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་རང་ངོ་གསལ་རྗེན་དུ་མཐོང་བས་བསམ་ཚོད་རང་ཉིད་བདེ་བ་ཙམ་གྱི་ཆེད་དུ་མིན་ལ་བསྒྲུབས་ཚད་ལྟོ་འགྲངས་འབའ་ཞིག་དོན་གཉེར་བ་ཙམ་ག་ལ་ཡིན།ངོ་བསྟོད་ཀྱི་ཆེད་དུ་མགོ་བོ་ཐུར་དུ་སྒུར་མ་མྱངས་ལ་རྩམ་ཁུག་གི་སླད་དུ་ཁ་ཞེ་རྒྱབ་འགལ་ཀྱང་བྱས་མ་ཕོད།ཁོ་རང་ཚོ་ནི་ཆགས་སྡང་གི་འདུ་ཤེས་ཆུ་ལྟར་འཁོལ་ཡང་ཞི་བདེ་དང་ཁོད་ཡངས་ནི་སྲོག་ལྟར་གཅེས་པའི་སེམས་སྤོབས་ཅན་ཞིག་ཡིན།དུས་ནམ་ཡང་བསམ་གཞིག་གི་ཁ་ཕྱོགས་ནི་ཡར་ཀླུང་ནས་བསྲིངས་པའི་ཐུན་མོང་གི་བགྲོད་ལམ་ལ་འཁོར་ཞིང་ཡུལ་གང་དུའང་གོམ་པའི་ཁ་ལོ་ནི་མིང་སྲིང་ཚོའི་དྲང་བདེན་གྱི་ཕྱོགས་སུ་སྒྱུར་གིན་གདའ།རྒྱང་བསྐྱོད་བྱས་པ་ནི་ངལ་ཐང་ལྡན་ལ་དགའ་སྣང་ཡང་ཆེ་བའི་བླ་སྲོག་ལ་སྦྱངས་བརྡར་དང་རྣམ་ཤེས་ལ་འབོད་སྐུལ་བྱས་པའི་བརྒྱུད་རིམ་ཞིག་རེད།དམིགས་འབེན་ཚད་དུ་བཟུང་སྟེ་གདམས་ཟིན་པའི་མདུན་ལམ་དུ་བསྐྱོད་པ་དང་ལྐོག་གསང་དུ་སྦས་པའི་གནད་དོན་གང་མང་ཞིག་སྔོག་འདོན་བྱེད་པ་ནི་ཐོབ་ཤོར་གཉིས་ཀའི་ཉེན་ཁ་ཆེ་བ་ཞིག་ལས་མ་འདས་མོད།ཁོ་རང་ཚོས་བ
དེ་སྡུག་བཏང་སྙོམས་མཛད་དེ་ཅིའང་མི་སྙམ་པར་སྐུའི་གཉའ་མ་ལྷོད།གསུང་གི་དཔའ་མ་ཉམས།ཡིད་ཀྱི་སྤོབས་པ་མ་ཞུམ་སྟེ་ཡུན་རིང་ལ་ཕག་ཏུ་ཡིབ་པའི་སྙིང་སྟོབས་དེ་འཚོལ་བ་ནི་རླབས་ཆེ་བ་དང་གཟི་བྱིན་འབར་བ་ཞིག་རེད་ཨང་།ཉིན་ལྟར་ཁོ་བོས་དེ་ལྟར་བསམ་དུས་འཇིག་རྟེན་ཡུལ་གྲུ་ཀུན་ཏུ་དེ་དག་གི་རྟོགས་བརྗོད་སྒྲོག་པར་འདོད་ཅིང་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་ཁོང་ཚོའི་མཚན་བྱང་ཡང་འགོད་པར་མོས།
   ལས་རླུང་དམར་གྱིས་རྒྱབ་ནས་དེད་ཅིང་འཇིགས་རུང་མུན་པས་མདུན་དུ་བསུ་ཡང་།འཛེམ་སྣང་གང་ཡང་མེད་པར་རྐྱེན་ངན་གྲོང་གསེབ་སུ་བསྒྱུར་བའི་དཀྱེལ་ཡངས་ཀྱིས་གཅིག་སེམས་གཅིག་གྲོགས་སུ་འགྲོགས་ཏེ་ཐུན་མོང་གི་ལས་ལ་འབད།ལོ་རྒྱུས་ཀྱི་གྱང་ཆག་ཁང་ཧྲུལ་ཏུ་འཐུལ་བའི་ཞེ་སྡང་གི་དུ་སྨུག་མེད།མདུན་ལམ་གྱི་རྫ་རི་ལ་འཐིབས་པའི་ཕྲག་དོག་གི་སྨུག་སྤྲིན་སངས།གནའ་ནས་གྲགས་པའི་བློ་ལྡན་བྱམས་སེམས་ཅན་གྱི་རིགས་རྒྱུད་ཀྱི་ཐུན་མིན་ཁྱད་ཆོས་དེ་ཁོ་རང་ཚོའི་ལུས་ངག་ཡིད་གསུམ་དུ་མངོན་གསལ་དོད་པོར་ཐོན་འདུག་པ་ནི་ང་རང་ཚོའི་སྟོབས་ཤུགས་དང་རང་བློ་རང་འཁེལ་གྱི་བསམ་པའི་འབྱུང་རྩ་ཡིན།མི་རིགས་དང་རྒྱལ་ཁབ་གང་ཞིག་གི་དར་རྒུད་ནི་གཞོན་ནུ་རྣམས་ལ་རག་ལས་པས་ཁོ་རང་ཚོའི་བསམ་སྦྱོར་ལ་རྒྱབ་སྐྱོར་དང་ཁས་ལེན་མཛད་དགོས་པ་ནི་རྒན་གཞོན་དར་མ་རྣམསཀྱི་འོས་འགན་ལས་མྱུ་གུ་ས་ནས་འབུས་མ་ཐག་སྐེ་ནས་བཅད་ན་དེ་ལས་ཐུ་བའི་ཉེས་པ་ཞིག་གང་ན་ཡོད།
ཁོ་རང་ཚོས་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་དང་ཕ་མ་བུ་རྒྱུད་བར་གྱི་བྱམས་བཀུར།རིགས་སུ་གྱུར་པའི་སྤུན་གྲོགས་བར་གྱི་དྭངས་སེམས་བཅས་གླུ་རུ་བརྫངས་ཏེ་མིའི་རིགས་ཀྱི་མདུན་དུ་གངས་ཅན་པའི་སྣང་བཪྙན་ཡིད་དབང་འཕྲོག་པ་ཞིག་བཞེངས་གིན་ཡོད།
ཁོ་རང་ཚོས་གནའ་དེང་ཟུང་ལ་བླངས་དོར་མཛད།ཕྱི་ནང་ཟུང་ལ་སློབ་སྦྱོང་ལད་མོ་བྱས།རང་གཞན་དོན་ལ་གདམས་ག་མ་ནོར་བ་བགྱིས་ཏེ་འཚོལ་སྙེག་གི་ལམ་བུར་སྐྱོད་བཞིན་མཆིས།ལམ་བུ་དེ་རྒྱ་ཇེ་ཡངས་དང་ཁྱོན་ཇེ་ཆེ་འགྲོ་བར་ཐེ་ཚོམ་དང་དོགས་སྣང་གང་ཡང་མི་དགོས་པ་ནི་སྟོད་གངས་རི་དཀར་པོས་བདེན་དཔང་དང་འདབས་གཙང་ཆུ་སྔོན་མོས་མན་ངག་བརྗོད།
  • ལེ་ཚན་སྔོན་མ།:སེམས་གཤིས་ཀྱི་རྒྱང་འབོད
  • ལེ་ཚན་རྗེས་མ།:དཔལ་དོན་འགྲུབ་རྒྱལ་རྗེས་སུ་དྲན་པ་དང་མི་རབས་ཤིག་གི"རིག་གནས་ཀྱི་དྲན་པ"གླེང་བ།