ཉམས་རྒུད།

ལོ་བ་ཆོས་འཕེལ་གྱིས།        2010-12-13

ཆོས་ལུགས་པས་བཤད་ན།རྒྱལ་པོ་གླང་དར་གྱིས།གསེར་དངུལ་གྱི་གླེགས་བམ་དང་ལྷ་སྐུ་དགཕངས་མེད་ཀྱིས་མེ་ལ་སྲེག་ཅིང་ཆུ་ལ་བསྐྱུར་ཉིན་ནས།སྤྲེའུ་དང་བྲག་སྲིན་མོ་འདིའི་ཡོད་ཚད།གས་ཆག་ཤོར་བའི་མར་འགྲིབ་ཀྱི་ཟླ་བ་ནང་བཞིན།ཉིན་རེ་ནས་ཞག་རེར།ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཟེར།
ཆབ་སྲིད་པས་བཤད་ན།བཙུན་པ་ལྷ་ལུང་དཔལ་རྡོར་གྱིས།ངུར་སྨིག་གི་ཀློང་ནས་དད་གུས་བྱེད་བཞིན།ལྐོག་མདའ་གཅིག་གིས་ནག་ཉེས་བཟོས་མེད་ཚེ།ད་དུང་།ངའི་ཕ་རྒྱུད་དེ།ཡར་ཀླུང་གཙང་པོའི་བཞུར་རྒྱུན་ཡིན་སྲིད།ངའི་གཉེན་ཉེ་ཚོ།ཇོ་མོ་གླང་མའི་ཡང་རྩེ་ཡིན་ངེས་ཟེར།
གང་ལྟར།རྒྱལ་པོ་འུ་དུམ་བཙན་པོས།ཡང་ན་ལོ་གསུམ་གྱིས་འཕྱིས་ཟེར་བའི།འཆར་གཞི་ཞིག་གི་རིན་ཐང་བརྗོད་ཅིན་རྒྱང་དུ་བཞུད་རྗེས།མི་ཡུལ་འདིར་ཁ་བ་བབས་བྱུང་།ཁ་བ་ནག་པོ་ཞིག་བསྟུད་མར་བབས་བྱུང་།
བཙུན་པ་ལྷ་ལུང་དཔལ་རྡོར་གྱིས།ད་འདུག་ཀྱང་འདུག་ཟེར་གྱིན།ནག་ཉེས་ཤིག་གི་གཉའ་ཤིང་ཁུར་ཏེ།ཁེར་རྐྱང་ངེར།ལྕགས་མདའ་དང་ལྕགས་གཞུ་ཁྱེར་ནས་བྲོས་བྱོལ་དུ་ཕེབས་རྗེས།དྲོད་ཁོལ་གྱིས་འབར་བའི་ཉི་འོད་དེ།འཛམ་གླིང་གི་ཡང་རྩེར་འཕྲོས་བྱུང་བའང་སུ་ལ་གསང་།
འདི་ལྟར།རྒྱལ་པོ་བཀྲོངས་རྗེས།བཙོན་པ་བྲོས་རྗེས།ཁུར་དུ་ལྕི་བའི་ལྗིད་ཏིག་ཏིག་གི་ཆག་གྲུམ་དེ།ཁ་སང་ནས་དེ་རིང་གི་བར་དུ།ཕྱོགས་ཞེན་གྱི་མེ་ལྕེ་སྦར་མཁན་སྐར་ཚོགས་ཀྱི་གྲངས་ལས་བརྒལ་ཞིང་།ངེས་དོན་གྱི་བདེན་ལུགས་གླུ་རུ་ལེན་པའི་དྲང་སྲོང་ཅི་ཙམ་ཡོད་མྱོང་།
  • ལེ་ཚན་སྔོན་མ།:བཀའ་དྲིན་ཅན་གྱི་སློབ་དཔོན་ཐོན་མི།
  • ལེ་ཚན་རྗེས་མ།:ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ