ཨ་མའི་སེམས།
རྡོ་རྗེ་དོན་གྲུབ། 2016-11-21
བརྩེ་བའི་ཉམས་པ་བཅུད་དུ་སྒོམ་ཞིང་རིགས་དྲུག་གི་འགྲོ་དོན་སྙིང་ཁར་སྨིན་པའི་རླབས་ཆེན་གྱི་བདག་མོ། བརྩེ་བ་འོ་མའི་རྒྱ་མཚོ་ཀླུང་དུ་བསྐྱོད་པའི་དར་གྲུ་ཞིག་ཡིན་ངེས་ལ། རི་བོའི་གཏོས་སུ་མཉམ་པའི་གཟི་བརྗིད་ཅན་གྱི་བདག་ཉིད་ཅིག་ཡིན་ཡང་སྲིད། སེམས་ཀྱི་བྱམས་པ་གཤིས་སུ་གྲུབ་པའི་ཡུམ་ཆེན་ལགས། ཁྱེད་ཉིད་ཀྱི་བསམ་པའི་དྲོད་ཁོལ་ཅོལ་ཆུང་བུ་ངས་རྟོགས་བྱུང་།
འདས་དུས་ཀྱི་ལོ་ཟླར་ཕྱིར་མིག་རེ་བྱས་ན། ཁྱེད་ཉིད་ཀྱི་བགྲང་བྱ་བཅུ་ཕྲག་ལྷག་རིང་གི་མཛད་རྗེས་ལས་ཕབ་ཏུ་བསྐྲུན་པའི་བརྩེ་སེམས་དར་སྐུད་རིང་མོས་བདག་གི་སེམས་ཉིད་གཅིག་ཏུ་སྦྲེལ། བསམ་གཞིགས་རེ་བྱས་ན། ཁྱེད་ཀྱི་སེམས་པའི་གཏིང་རིམ་ན་ང་ནི་ཇི་ལྟ་བུ་ཞིག། རྟོགས་པ་དང་རེ་བཅོལ་ཁྲོད་ན་ང་ནི་ཅི་འདྲ་ཞིག། དངོས་ནས་བརྗོད་ཐབས་བྲལ་བ་ཞིག་རེད་ཨང་། ང་ལ་ངོ་མ་ནོངས་འགྱོད་ཅིག་སྐྱེས་ཀི། འགྲུལ་བཞུད་ཀྱི་ལོ་ཟླ་དང་ལྷན་དུ་སེམས་པའི་བར་ཐག་ཇེ་ཉེ་རུ་ཕྱིན་ཡོད། སེམས་པའི་བར་ཐག། གནས་ཡུལ་གྱི་བར་ཐག། ང་རང་ཁྱེད་ཉིད་དང་རིང་དུ་ཕྱིན་ཏེ་ལྔ་རིག་སློབ་གླིང་དུ་འགྲིམ་རུང་། བདག་གི་སེམས་པའི་རི་མོ་ངོས་ལས་སུབ་མི་ཐུབ་པ་ནི་ཁྱེད་ཀྱི་སེམས་ཚགས་ལས་མནར་པའི་སྐྱིད་སྡུག་གི་འཚོ་བ་དེ་ཡིན། སྐྱིད་སྡུག་འདྲེས་མའི་འཚོ་བའི་གསེང་ན་ཁྱེད་ཀྱི་སེམས་ཚགས་ནི་དེ་བས་ཤོང་ཐབས་བྲལ་བ་ཞིག་རེད། དབུ་སྐྲ་དང་དཔྲལ་རིས་ལས་ཕབ་པའི་གཉེར་མ་རེ་རེ་ནི་བུ་ལོའི་མིག་ཀོང་ནས་ནམ་ཡང་ཡལ་མེད་རེད། ད་རུང་་་ ་་་ ཨ་མ་ནི་འགྲོ་བ་མིའི་བསྐྱེད་ཡུམ་ཡིན་ཞིང་། ཨ་མ་ཡོད་པས་མིའི་རིགས་བྱུང་བ་ཡིན་ལ། མིའི་རིགས་ཡོད་པས་མིའི་རིགས་ཀྱི་ཤེས་རིག་དར་བ་རེད། འཇིག་རྟེན་སྟེང་གི་གཟི་བརྗིད་སྤོབས་པ་མཐའ་དག་ཨ་མ་ལས་བྱུང་བ་རེད། བདེ་སྐྱིད་ཀྱི་གཞི་མ། དྲན་གདུང་གི་སྔོན་མ། སེམས་ཀྱི་རྒྱབ་བརྟེན། རེ་བཅོལ་དང་ཡིད་ཆེས་ལྷན་དུ། ཨ་མའི་སེམས་འཕྲིན་ལ་ཉམས་པ་མེད་ལ། བྱམས་བརྩེ་དང་འཛུམ་མདངས་ལ་དེ་བས་ཀྱང་ཡལ་བ་མེད།
ཨ་མའི་བརྩེ་བ་ནི་ས་ཆེན་འདིའི་རླབས་ཆེའི་ནུས་ཤུགས་ཡིན་ལ། ཁྱེད་གང་དུ་བཞུགས་ན་དེ་རུ་སྤྲོ་སྐྱིད་དང་དགོད་སྒྲ། བརྩེ་སེམས། ཞི་དུལ་བག་ཕེབས་ད་དུང་་་་་བརྗོད་མི་ཚར། གཟི་སྟོབས་ཀྱི་མངར་ཁ། གཟི་སྤོབས་ཀྱི་ཟིལ་ཤུགས། སེམས་གཅོང་སེམས་ཤེས་ཀྱི་སྤྱོད་ལུགས། རྟོགས་པ་དང་རེ་སྙེག་གིས་མ་བསླུས་པའི་མཆོད་སེམས་བརྟན་པོ། ད་དུང་་་ ་་་ངོ་མ་གླེང་མི་ཚར་གི། དུས་དེ་རིང་གྲེ་འགྱུར་ངག་གི་མཆོད་པས་ཁྱེད་ལ་བསྟོད་གླུ་ཞིག་ལེན་འདོད། སྙན་མོ་ཚིག་གི་སྦྱོར་བས་ཤིས་ཚིག་ཅིག་འབུལ་འདོད། ཡུམ་ཆེན་ལགས། ཁྱེད་ནི་བུ་ངའི་ཡ་ཆུང་སེམས་ཀྱི་ཁེན་ས་དང་རྒྱབ་རྟེན་ཡིན། རེད་དེ། སྲིད་པ་ཆགས་ལུགས་ཀྱི་བྱུང་རབས་དང་རྟོགས་པ། མཚར་སྡུག་ལོ་རྒྱུས་ཀྱིས་དབུལ་པའི་བརྗོད་པ་བཅས་ཁྱེད་ཉིད་ལ་གསལ། བུ་ལོས་རྟོགས་ཡོད། དུས་རབས་ཀྱི་གསེང་ན་སྐྱིད་སྡུག་འདྲེས་མའི་འཚོ་བ་ནི་ཉམ་ཐག་ཅིག་ཏུ་སྣང་ཡང་། དོན་དམ་དུ་ཡོད་ཚད་ནས་ཡོད་ཚད་སུ་ཞིག་གི་ཆེད་དུ་ཡིན་ལགས། ཡིན་ཏེ། ཉིན་མཚན་ལྟོས་མེད་དུ་བུ་ངའི་བདེ་སྡུག་གི་ཆེད་དུ་ཡིན་པ་རྟོགས་ཡོད། ལོ་ཐོག་ཟླ་བརྩེགས་སུ་དེ་ལྟར་བགྱི། ཁྱེད་ཀྱི་གཟི་ཉམས་དང་བརྩེ་སེམས་བདག་གི་རུས་རྐང་རུ་འཐིམ་མྱོང་ལ། བམ་གཤིས་ཟུང་གི་གདམ་ངག་གསན་བཞིན་ཁྱེད་ཀྱི་པང་ནས་བདེ་སྐྱིད་དང་བརྩེ་བའི་བདེན་པ་འཚོལ་འདོད་མོད། ཁ་སང་་་ ་་་ དེ་རིང་་་ ་་་ སང་ཉིན། གང་དུ་བཞུགས། ཁྱེད་ཀྱི་ཕྱེད་ཀ་གང་དུ་བུད་སོང་། བུ་ལོས་འཚོལ་རྟོགས་བྱེད་པའི་སེམས་འདུན་ཡོད། ཨ་ཧོ་་་ངས་དུས་དེ་རིང་ཁྱེད་ཉིད་ཀྱི་རྒས་ཁོག་ལུས་ཀྱིས་བཏུས་པའི་སེམས་ཚགས་དང་སྐྱིད་སྡུག་གི་འཚོ་བ་དེ་འཚོལ་འདོད།
རེ་བཅོལ་དང་བརྩེ་སེམས། སེམས་འཕྲིན་དང་འཚོལ་སྙེག བདེན་པའི་གཟི་སྤོབས། ཨ་མ་ལགས། ཁྱེད་ནི་མིའི་རིགས་ཀྱི་སློབ་གསོ་བ་ཐོག་མ་དང་བྱམས་བརྩེའི་འོད་སྣང་སྦྱིན་མཁན་ཡིན། སེམས་པའི་འདུ་འབྲལ་བར་ན་བུ་ངའི་འཚོ་བ་ཡོད་ལ་སེམས་ཚགས་བར་ན་མི་ཚེ་ཡོད། རེད་དེ། ཨ་མ་ལས་ས་ཆེན་འདིའི་སྟེང་གི་གཟི་བརྗིད་དང་མཛེས་པ་མཐའ་དག་ཁྱེད་ཉིད་ལས་བྱུང་བ་ཡིན་ལ་བྱམས་དང་སྙིང་རྗེ་ཟེར་བའི་ཐ་སྙད་འདི་ཡང་བཙལ་ཐུབ། བདེན་པ་དང་གནས་ལུགས་འབའ་ཞིག་ཀྱང་རྙེད་ལ། བྱམས་དང་བརྩེ་བའི་རང་མདངས་ནི་དེ་བས་ཀྱང་སྨྲོས་མ་དགོས་སོ།།