ཡ་རབས་ཀྱི་ཟུར་ཞིག

ཤེས་རབ་ཡེ་ཤེས།        2016-09-05

ཡ་རབས་ཀྱི་སྤྱོད་པས་བདེ་སྐྱིད་སྟེར་ཞིང་། མ་རབས་ཀྱི་སྤྱོད་པས་སྡུག་བསྔལ་སྐྲུན་པར་མི་ཀུན་ལ་ངོས་འཛིན་ཡོད། མ་རབས་སྤངས་ཏེ་ཡ་རབས་ལ་གཞོལ་དགོས་ཟེར་བ་དེ་ཁ་གཡང་ཞིག་ཏུ་མ་གྱུར་ན་ཅི་མ་རུང་། མི་གཅིག་གི་ཡ་རབས་ཀྱི་སྤྱོད་བཟང་རེ་རེས་དེའི་རྒྱལ་ཁབ་དང་། མི་རིགས་ལ་སྣང་བརྙན་ཡག་པོ་སྟོན་གྱིན་ཡོད། དེའི་ལྡོག་ཕྱོགས་མ་རབས་ཀྱི་སྤྱོད་པས་མི་རིགས་དང་། རྒྱལ་ཁབ་ཀྱི་ལ་རྒྱ་ལའང་ནག་ཐིག་བཟོས་བཞིན་ཡོད་པ་སྨྲོས་ཅི་དགོས། བོད་དང་། རྒྱ་ནག་གི་ཀུན་སྤྱོད་ལ་ཧེ་བག་ཅི་ཙམ་ཡོད་པ་གཤིབ་བསྡུར་རེ་བྱས་ན། ང་ཚོ་ལ་ལག་ཆ་མི་དམན་པ་རེ་ལེན་རྒྱུ་ཡོད་སྲིད། དེ་རིང་གི་རྒྱ་ནག་གི་སྤྱི་ཚོགས་འདི་བོད་པའི་སྤྱི་ཚོགས་དང་བསྡུར་ན། ཡ་རབས་ཀྱི་སྤྱི་ཚོགས་ཤིག་ལ་འགྱུར་བཞིན་འདུག་ཅེས་བརྗོད་ན་ཐལ་མི་ཆེ་བར་མ་ཟད། ཡ་རབས་ཀྱི་འཚོ་བའི་སྣེ་ཟུར་མང་བོ་ཞིག་མཇལ་རྒྱུ་འདུག ཉེ་ལམ་རྒྱ་ནག་གི་སྨན་ཁང་ཞིག་ཏུ་ང་རང་སྨན་པ་བསྟེན་སར་སོང་སྟེ། ཕྱི་ལོག་ན་ཏོག་ཙམ་བསྒུགས་ནས་ཡོད་པའི་སྐབས། སྨན་ཁང་དེའི་བྱ་བ་སྒྲུབ་མཁན་གྱི་བུ་མོ་ཞིག་གིས་བདག་གི་ཐོབ་དཔང་དེ་བསྟན་ནས་འདི་ཁྱོད་ཀྱི་ཡིན་ནམ་ཞེས་དྲིས་བྱུང་། རེད་ཅེས་ཟེར་ཞོར་སྒོར་ཁུག་ཡོད་སར་རེག་ཙམ་བྱས་དུས་སྒོར་ཁུག་བོར་ཚར་འདུག བུ་མོ་དེས་སྒོར་ཁུག་ཐོབ་དཔང་དང་བཅས་པ་ཚུར་ལ་སྤྲད་པས། བདག་ལ་ཚོར་སྣང་གསར་བ་ཞིག་བྱིན་པ་ནི། ང་ཚོས་དུས་རྟག་ཏུ་རྒྱ་ནག་གིས་ཡ་རབས་སྤྱོད་བཟང་དང་། རྒྱུ་འབྲས་དྲང་སྙོམས་སོགས་བོར་ཚར་རབ་བཤད་དེ། གདུག་ཅིང་རྩུབ་པའི་སྤྱི་ཚོགས་ཤིག་ཏུ་འདེད་ཀྱིན་ཡོད་ན་ཡང་། དོན་ངོ་མ་ནི། ཡ་རབས་སྤྱོད་བཟང་གི་རྣམ་ཤེས་བོར་འགྲོ་ས་ནི། རྒྱ་ནག་སྐམ་ས་ཆེན་པོ་མ་ཡིན་པར། འུ་ཅག་གི་མཐོ་སྒང་གི་ས་ཆ་འདི་ཡིན་ཏེ། ཉིན་དེར་བོད་པ་ཞིག་གིས་ངའི་སྒོར་ཁུག་ལོན་པའི་དབང་བྱས་ན། ས་སྟེང་རྒྱུ་ལ་བདག་པོ་མེད། ། བདག་པོ་ཡོད་ན་སྡུག་གྱོང་རེད། །ཟེར་ནས་རུམ་ལ་བཅུག་སྟེ་འགྲོ་སྲིད།  ཡ་རབས་སྤྱོད་བཟང་གི་རྣམ་ཤེས་དེ་དོན་དམ་པར་སུས་བོར་བ་རེད།
  • ལེ་ཚན་སྔོན་མ།:གཉེན་རྟགས།
  • ལེ་ཚན་རྗེས་མ།:དགེ་རྒན་གྱི་དུས་ཆེན་ལ་བསྟོད་པ།