བྱིས་པའི་དུས་ཆེན་ཉིན་དམིགས་བསལ་དུ་བོད་ལ་ཞུས་པའི་འཕྲིན།

ཕུན་ཚོགས་བདེ་ལེགས།        2016-06-02

གཅིག ང་ཚོ་བོད་པ་མང་པོས་བྱིས་པ་ཤིན་ཏུ་ཆུང་བའི་དུས་སུ་དམིགས་བསལ་ཕ་མས་རྒྱུན་ཤེས་དང་ཕ་མས་ཀུན་སྤྱོད་བཟང་པོས་ནམ་ཡང་བྱིས་པ་ལ་མིག་ལྟོས་ཡག་པོ་སེམས་སུ་མི་འཇོག་པར་མ་ཟད། སྤྱོད་ངན་དང་། བྱིས་པའི་སེམས་ལ་འཇིགས་སྣང་དང་། བྱིས་པའི་སེམས་ཁམས་སྙོམ་པོ་བྱེད་མི་ཐུབ་པ་སོགས་འབྱུང་། རྒྱུ་མཚན་ནི་ཕ་མ་ཚོས་བྱིས་པའི་མིག་སྔུན་ནས་འཛིང་རེས་བྱེད་པ། ཆང་རག་དང་དུད་རིགས་སྣ་མང་ལ་ལོངས་སུ་སྤྱོད་པ། ཁྱིམ་ཚང་འཐོར་ཞིག་ཏུ་འགྲོ་བ་སོགས་ཀྱིས་བྱིས་པའི་མི་ཚེའི་མདུན་ལམ་ཐོག་མ་ནས་གནོད་སྐྱོན་ཤོར།
གཉིས། བོད་ཀྱི་ཕ་མ་མང་ཆེ་བས་འཕྲོད་བསྟེན་གྱི་ཕྱོགས་ནས་བྱིས་པའི་བདེ་ཐང་ལ་བསམ་བློའི་དོ་ཁུར་ཞན་པས། སྙིགས་ཟས་ཀྱི་སྐོར། མངར་ཆའི་རིགས་བཏུང་ཆུ་སྣ་མང་དང་དམར་ཚ་མང་བའི་ཞོར་ཟས་མང་དུ་ཟ་བ་སོགས་ཀྱིས་བྱིས་པའི་རྐང་ལག་ཏེ་ལུས་པོ་ཡོངས་ལ་འབྲུམ་བུ་འདྲ་མིན་དང་། ཆུང་དུས་ནས་གཤག་བཅོས་བྱས་ནས་ལུས་པོ་རྨ་ཁ་ཅན་དུ་གྱུར་བ། བྱིས་པའི་ལུས་པོ་ལ་གཙང་སྦྲ་དང་རྟགས་དཔྱད་མ་བྱས་པས་ཆུང་དུས་ནས་མཚན་མའི་ནད་དང་དབང་པོ་སྐྱོན་ཅན་དུ་ཤོར་བ་མང་པོ་རེད།
གསུམ། སློབ་གསོའི་ཁ་ཕྱོགས་ཞན་པའི་དབང་གིས་བྱིས་པ་སློབ་གྲྭ་ལ་མི་གཏོང་བ། ཕ་མ་ཚོས་གནའ་བོའི་སྲོལ་ལུགས་ལྟར་ནོར་ནག་འཚོ་སྐྱོང་དང་ཞིང་ལས་ཁོ་ནས་ཆོག་པར་སེམས་ནས་སློབ་གྲྭར་འགྲོ་བ་ལ་བཀག་འགོག་དང་བར་ཆད་བྱས་པའི་དབང་གིས། མི་མང་པོ་སྤྱི་ཚོགས་ཀྱི་འགྲོ་ལུགས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ལ་རྨོངས་ནས་གཞན་པའི་བརྙས་བཅོས་དང་མཐོང་ཆུང་གི་དབང་འོག་ཏུ་ཚུད་པ། རྩ་ཁྲིམས་དང་འགལ་ནས་མི་ལོ་ཚེ་ཕྱེད་ཀ་ཁྲིམས་འོག་ནས་སྐྱེལ་དགོས་པའི་སྡུག་བསྔལ་དང་དཀའ་ཁག་མྱོང་བ། ལས་རིགས་ཀྱང་གཞན་པའི་ཞབས་ཕྱིའམ་གཡོག་པོ་ཁོ་ན་བྱེད་པ། ལྷག་ཏུ་ཡ་ང་བའི་གནས་ཚུལ་དངོས་ཞིག་ནི། ལས་རིགས་མེད་མཁན་གྱི་སྐྱེས་པ་རྣམས་རྒྱ་ནག་གི་ས་ཆ་སོ་སོར་སོང་ནས་མི་རིག་ས་ནས་རྐུ་བྱེད་པ། རིག་ས་ནས་ཇག་བྱེད་པ། ད་རུང་རྐུན་མའི་ཚོགས་པ་དང་ཇག་པའི་ཚོགས་པ། མི་ནག་གི་ཚོགས་པ་མདོར་ན་འཇིག་རྟེན་ཁམས་ན་བྱ་བ་བཙོག་པ་གང་ཡོད་པ་ཐམས་ཅད་ཁོ་ཚོས་བྱེད་ཀྱིན་འདུག་པ། ཤོ་དང་རྒྱན་འཇོག་བྱེད་པ། མདོར་ན་བྱ་བ་འདིའི་དབང་གིས་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མཚན་སྙན་དང་ཚང་མའི་མིག་ནང་ནས་འདོར་བ། ཚང་མ་རྒྱང་དུ་བཀྱེད་པ། འབྲིང་ས་ནས་སྡེ་བ་དང་རྫོང་ཁག་ལ་གནོད་པ། ཆུང་ས་ནས་རང་གི་ཕ་མ་དང་སྤུན་མཆེད་བུ་དང་ཆུང་མ་དག་གིས་སེམས་ཁུར་བྱེད་པ། དེའི་རྐྱེན། སྙིང་ནད་ཅན་དང་རང་སེམས་བོར་བས་ཤི་ལམ་དུ་སོང་བ།    རྒྱུ་ནོར་ཡོད་ཚད་གཞན་ལག་ཏུ་ཤོར་བ།    མཐའ་མཇུག་རང་གི་མི་ཚེ་ཁྲིམས་འོག་ནས་སྐྱེལ་དགོས་པ་ཚེ་སྲོག་ཀྱང་མཚོན་ཆའི་འོག་ཏུ་འཆོར་བ་སོགས་ཀྱི་ཉེན་ཁ་ཧ་ཅང་མང་པོ་འདུག་གོ།
བཞི། ཕ་མ་ཚོས་བྱིས་པ་སློབ་གྲྭར་བཏང་ཡང་སློབ་ཡོན་མི་དགོས་ས། ཕར་འགྲོ་ཚུར་ཡོང་ལ་སྐྱེལ་བསུ་མི་དགོས་པའི་ཐབས་དག་རྙེད་ཐབས་བྱེད་པ། དེ་ཙམ་རྙེད་དུས་བྱིས་པའི་སློབ་སྦྱོང་སློབ་གྲྭའི་རྒྱུ་སྤུས་དགེ་རྒན་གྱི་ཤེས་འཇོན་སོགས་གང་ལ་ཡང་མི་བསམ་པར་བྱིས་པ་རྣམས་ཕར་ཞིག་ལ་མངགས་ཐབས་བྱེད། ཚུར་ཁྱིམ་ལ་ཐོན་དུས་མང་ཆེ་བ་ཆོས་མཁན་ཡིན་ན་ཆོས་མི་ཤེས། རྩིས་དངོས་རྫས་གསུམ་གང་བསླབས་ཀྱང་ཚང་མ་འཁྱར་མ་འཁྱོར་དང་། སྐད་རིགས་གང་སྦྱངས་ཀྱང་ཚང་མ་ད་མ་དིག གཞན་རྗེས་མི་ཆོད་པའི་ཞ་བོ་ལྟ་བུ་དང་། རང་ངོ་མི་ཟིན་པའི་ནོར་འདྲ་བ། མདོར་ན་ཁ་ཕྱོགས་དང་ལམ་ཕྱོགས་མེད་པའི་ཚོགས་སྡེ་ཞིག་དུ་གྱུར་འདུག རྒྱུ་མཚན་དེས་ན་ཕ་མ་ཚོས་རང་ལ་ཡོད་པའི་ལས་འགན་དང་ལེན་བྱས་ཏེ་བྱིས་པ་རྣམས་ཀྱི་མདུན་ལམ་ལ་ཐུགས་སེམས་གཏང་རྒྱུ་འདི་བདག་གི་སེམས་ཀྱི་རེ་བ་ཉག་ཅིག་ཡིན།

  • ལེ་ཚན་སྔོན་མ།:ང་ནི་ཨ་མྱེས་ཆང་གིས་བཟི་ན་དགའ།
  • ལེ་ཚན་རྗེས་མ།:འབྲོག་པའི་སྦྲ་ནག