གསེར་ཆུ་བྱུག་པའི་ཆུ་རྡོ།
ཚེ་དབང་དཔལ་འབྱོར། 2016-05-17
གདུག་རྩུབ་ཆེ་བའི་སྐུ་དྲག་ཅིག་གིས་མི་སེར་གྱི་མགོ་གནོན་བྱེད་དུ་ཤིང་བཟོ་ཞིག་ལ་ཁྲིམས་དབྱུག་ཅིག་བཟོ་རུ་བཅུག སྟེང་དུ་ཁྱི་རྡུང་ཁྲིམས་དབྱུག་ཅེས་བཀོད། སུ་ཞིག་གིས་ཁོའི་བསམ་པ་དང་མ་བསྟུན་ན་ཁྲིམས་དབྱུག་དེ་བཀོལ་བས་ཐམས་ཅད་དེ་ལ་སྐྲག་སྣང་སྐྱེས། ཨ་ཁུ་སྟོན་པས་དེ་གོ་བས་ཁོ་རང་སྐུ་དྲག་གི་སྲས་ཤིག་ཏུ་བརྫུས་ཏེ་རྟའི་འཕོངས་ལ་གསེར་ཏ་ལེན་གང་འཕངས་ཏེ་ཐོན། སྐབས་དེར་སྐུ་དྲག་གིས་ལུས་ལ་ཚ་རུ་སྲམ་ཁ་མ་གྱོན་ཞིང་། མགོ་ལ་ཚེ་རིང་ཞྭ་མོ་མནབས་པ། རྐང་ལ་རྒྱ་གར་འཇུར་རྟ་གྱོན་པའི་སྐུ་སྲས་དེ་མཐོང་བྱུང་། སྐུ་དྲག་གིས་གུས་པས་སྐུ་སྲས་དེ་མགྲོན་ཁང་དུ་གདན་འདྲེན་ཞུས་ཤིང་། གར་འོངས་གང་དུ་འགྲོ་དོན་དྲིས་ཚེ། དོན་དུ་སྐུ་སྲས་ནི་གསེར་ཏ་ལེན་གང་ཁྱེར་ཏེ་ཁྱི་རྡུང་ཁྲིམས་དབྱུག་ཉོ་རུ་འོངས་པ་རེད། སྐུ་དྲག་ལ་རློམ་སེམས་སྐྱེས་ཏེ་ཁྱི་རྡུང་ཁྲིམས་དབྱུག་ལག་ཏུ་བཟུང་སྟེ་རྒྱུ་སྤུས་ལ་ཞིབ་ལྟ་བྱས། དེ་ནས་སྐུ་སྲས་ཀྱིས་རྟ་ཐོག་ནས་གསེར་ཏ་ལེན་གང་པོ་མར་ཕོག་པ་དང་། གསེར་རྡོག་ཁ་ཤས་སིང་སྒྲ་གྲགས་ནས་འགྲིལ་འོང་ཞིང་འོད་ཟེར་ཆེམ་ཆེམ་དུ་འཕྲོས། སྐུ་དྲག་དགའ་དྲགས་ཏེ་རེ་ཞིག་ཁ་གྲགས་མི་ཐུབ་པ་དང་། དེ་ནས་གུས་གུས་ཞུམ་ཞུམ་གྱིས་ཁྱི་རྡུང་ཁྲིམས་དབྱུག་སྐུ་སྲས་ལ་གཏད། སྐབས་དེར་སྐུ་སྲས་རྟར་བཞོན་ཏེ་ཤར་རེ་བསྐྱོད་པ་དང་། སྐུ་དྲག་གི་སེམས་སུ་འབངས་བསྡུས་ཏེ་གསེར་ཏ་ལེན་གང་པོ་སར་བླུགས་ཏེ་དཀྱིལ་ནས་བསྡད་ན་ང་ལ་སྔར་བས་གཟི་བརྗིད་དང་སྙན་གྲགས་འབར་ངེས་ཡིན་སྙམ་སྟེ། འབངས་རྣམས་བསྡུས་ཏེ་ཏ་ལེན་ནང་གི་གསེར་རྣམས་ས་ལ་བླུགས་པས་མཐར་ཤོག་ལྷེ་ཞིག་མངོན་བྱུང་། སྐུ་དྲག་གིས་ལག་ཏུ་བླངས་ཏེ་བལྟས་པས་འདི་ལྟར་བྲིས་འདུག ཁྱི་རྡུང་ཁྲིམས་དབྱུག་གཅིག་ནི།། རིན་ཆེན་གསེར་རྡོར་བརྗེས་ཀྱང་།། འདོད་རྔམ་ཚིམས་རྒྱུ་མི་འདུག །གསེར་ཧྲུག་ཆུ་རྡོར་གྱུར་འགྲོ །ཨ་ཁུ་བསྟན་པ་ནས་ཞེས་བྲིས་འདུག ད་གཟོད་ཁོས་སྐུ་སྲས་དེ་ནི་ཨ་ཁུ་སྟོན་པ་ཡིན་པ་ཤེས་པས་ལྕགས་དབྱུག་ཅིག་བླངས་ཏེ་ཐང་གི་གསེར་རྡོག་དེ་དག་ལ་གཞུས་པ་ན་གསེར་ཆུ་བྱུགས་པའི་ཆུ་རྡོ་དེ་དག་གི་ངོ་བོ་ལྷང་ལ་བུད་པ་རེད།།