གྲང་ངར་དང་ཙག་རླུང་གི་སེར་ཁ་བརྒྱུད་ནས་ཁ་བ་དང་བུ་ཡུག་ལ་ངོ་རྒོལ་བྱས་ཏེ་མཛེས་སྡུག་གི་དཔྱིད་དཔལ་ལ་རྒྱང་འབོད་བྱས། དཔྱིད་མདངས་ཀྱིས་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་དཔལ་བསྩལ་ཞིང་ལྗང་མདོག་གི་ཡུལ་བསྐྲུན་ལ། དཔྱིད་ཀྱི་ཉམས་ལས་མེ་ཏོག་གི་ལང་ཚོ་འབུས་ཏེ་དྲི་བསུང་གིས་ང་རང་བཟི་བར་བྱས།
དེ་ཡང་འཛམ་གླིང་འཛིན་མའི་ཡང་རྩེ་སྟེ་མདོ་དབུས་མཐོ་སྒང་ན་ལྷུག་པར་མངོན་ཞིང་རྣམ་པར་བཀྲ་བའི་འདབ་བརྒྱའི་མེ་ཏོག ཁྱོད་ཀྱི་དྲི་བསུང་གིས་མཐོ་སྒང་འདིའི་མཁའ་དབུགས་ལྷག་ཏུ་དྭངས་བར་བྱས་ཤིང་ཁྱོད་ཀྱི་སྒེག་ཉམས་ཀྱིས་ང་ཚོའི་ཉེ་འགྲམ་ན་འཚོ་བའི་མི་རིགས་གཞན་པའི་དང་བ་འཕྲོག་པར་བྱས། ཁྱོད་ནི་ལྷ་ལས་བབས་པའི་བུ་མོ་མཛེས་མ་ཞིག་དང་འདྲ་སྟེ། ཁྱོད་ཉིད་མཐོང་བའི་སྐྱེ་བོ་མཐའ་དག་འདོད་པས་མི་མྱོས་མཁན་མེད་ལ་ཡིད་ཀྱི་དབང་བོ་མི་ཤོར་མཁན་དེ་ལས་ཀྱང་མེད། ང་ལའང་ཁྱོད་ཀྱི་བསླུ་བྲིད་ཕོག་ཅིང་ལོ་ནས་ཟླ་བ་བརྒྱུད་དེ་དྲན་དང་གདུང་བས་གཙེས་བར་བྱས། ད་དུང་ཁྱོད་ཀྱི་སྦྲང་རྩིར་ནུས་མཐུ་ལྡན་ཟེར་རྒྱུན་ཡོད་ལ་སྦྲང་རྩི་དེ་མྱོང་བའི་སྦྲང་མར་ལུས་སྟོབས་རྒྱས་ཤིང་གཞན་ལས་ལྷག་པར་ལབ་སྲོལ་གདའ།
ཀྱེ། ཁོ་བོའི་ཡིད་ཀྱི་མཛའ་ན་མོ་སྟེ་ལྷུག་པར་གྲོལ་ལ་རབ་ཏུ་མཛེས་ཤིང་མཆོག་པའི་མེ་ཏོག་ལགས། སྙིང་རྗེ་དང་བྱམས་བརྩེའི་དྲི་མ་མ་གོས་པའི་སྟོན་རླུང་རྩུབ་མོས་ཁྱོད་ཀྱི་མཛེས་སྡུག་ལ་རྨ་ཁ་བཏོད་ཅིང་། ལྷག་བསམ་དང་རྣམ་དག་མ་བཅོལ་བའི་སེར་བ་དང་ཙག་ངར་གྱིས་ཁྱོད་ཀྱི་ལང་ཚོ་ལ་སྲིབས་ཀ་བསྟར། ད་དུང་། ཁ་བ་དང་བུ་ཡུག འཁྱག་རོམ་ལ་སོགས་ཀྱིས་ཁྱོད་ལ་བརྙེས་བཅོས་དང་འཐབ་རྩོད་ཅི་འདྲ་བྱས་ཀྱང་། ཁྱོད་ནི་སྔར་བཞིན་ཉམས་པ་དང་གཡོ་བ་མེད་པར་དཔང་མཐོ་བའི་རི་རྩེའམ་མཐའ་ཀླས་པའི་རྩྭ་ཐང་ན་རྒྱུ་སྐར་བཞིན་གསལ་ཡོད་ལ། ཁྱོད་ནི་ནམ་ཞར་ཡང་ཁོ་བོའི་བྱང་སྟོད་ན་འཚེར་བའི་སྐར་མ་འོད་ཆེན་དེ་ཡིན།
མེ་ཏོག་ལགས། ཐུགས་མ་སྐྱོ། ཡིད་མ་ཕངས་དང་ང་ཚོར་ད་དུང་རེ་བའི་སང་ཉིན་ཡོད་ལ་མཛེས་སྡུག་གི་དཔལ་མངོན་པའི་ཉིན་མོ་ཞིག་ཡོད་སྲིད་དོ། །