དཔྱིད་དཔལ།

        2016-05-05

དཔྱིད་དཔལ།

དགུན་གསུམ་གྱི་ཤ་གསེང་རུས་གསེང་ཡང་སྤྲིད་དུ་འཇུག་པའི་གདུབ་རྩུབ་གྲང་འདར་གྱི་དུས་སྲུབ་བར་ནས། ཁོ་བོའི་ལུས་སུ་གྱོན་པའི་ལྭ་བ་དེའང་ཙག་རླུང་གིས་ཧྲུལ་བུར་བཏང་སྟེ། སྙིང་ཁར་སྔ་ན་མེད་པའི་བཟོད་མེད་ཀྱི་ན་ཟུག་ཅིག་གིས་རྨང་ནས་བཟུང་།
  ལོ་འདི་ཚོར། བདག་གིས་དཔྱིད་ཀྱི་དཔལ་ཡོན་བཞད་པར་རེ་བས་བསྒུགས་ཤིང་མིག་གིས་འཚོས། བསྒུག་བསྒུག་ནས་བཅུ་དྲུག་ལང་ཚོ་རྫོགས་པའི་གཞོན་ཤ་དོད་པོ་དེ་ནག་ནོག་གིས་གཙེས་ཤིང་། བཙལ་བཙལ་ནས་ཀྱང་འོད་དུ་འཚེར་བའི་དཔྲལ་བའི་མིག་ཀོང་ཟུང་ཡང་གཏིང་ལ་འཛུལ་སོང་། དེ་ཙམ་མ་ཟད། སྤོབས་པས་ཕྱུག་པའི་ཡིད་ཀྱི་མེ་ཏོག་གསེར་ཆེན་དེ་སྐྱ་མདོག་དང་ཁོ་ཆད་ཀྱིས་རྙིད་ལ་རེད། ལོ་ངོ་འདི་དག་གི་རིང་ལ། དགུན་དུས་ནི་ཕ་མཐར་མངོན་པ་མེད་པའི་རྒྱ་མཚོའི་རང་བཞིན་དང་འདྲ་བར་གཞལ་བར་དཀའ་ཞིང་འགྲོ་བར་དེ་བས་དཀའ་ལ། མིག་གིས་ཁྱོན་ལ་མི་ཤོངས་བའི་འཛིན་མ་དང་མཚུངས་བར་རེ་བས་མི་ཟིན་ཞིང་བཞུད་པ་ལྷག་ཏུ་དཀའ། དཔྱིད་དཔལ་ཡང་གཞལ་བར་མནར་བའི་བྱ་ལམ་ཇི་བཞིན་ཡུལ་དང་བར་ཐག་ཇི་འདྲའི་རིང་བོ་ཞིག་གིས་བསྐལ་ཡོད་ཨང་། ཀྱེ་ཀྱེ། སྙིང་གི་སྒམ་ཆུང་ལ་བཅུག་པའི་དཔྱིད་ཀྱི་དཔལ་མོ་ལགས། ཁྱེད་ཉིད་ནམ་ཞིག་བདག་གི་སྤྱི་གཙུག་གི་རྒྱན་དུ་ཤར་ཡོང་ངམ།
   ཁོ་བོ་དཔྱིད་དཔལ་ལ་དུང་དོན་ནི། དཔྱིད་དུས་ནི་དུས་ཚིགས་ཀུན་ལས་ཆེས་ཁྱད་དུ་འཕགས་པ་ཞེས་བདག་གིས་སྨྲ་བར་སྤོབས་ཏེ། དཔྱིད་དུས་སུ་མཐོང་བར་གྱུར་བ་ནི་རེ་སྨོན་དང་འདུན་མས་རྫོགས་པའི་སྙིང་སྡུག་གི་མཛེས་ལྗོངས་དང་། ལྗང་མྱུག་གིས་སའི་སྲུབ་བར་ནས་མགོ་བོ་དྲོག་དྲོག་ཏུ་ལྟ་ཞིང་། གསར་སྐྱེས་ཀྱི་མེ་ཏོག་ཕོན་པོས་ཁྲ་ཚོམ་གྱི་ན་བཟའ་ལུས་ལ་སྤྲས་ཏེ་སྨུག་ལོང་གིས་བཀླུབས་པའི་འཇིག་རྟེན་གྱི་གྲུ་ཟུར་ཀུན་ཏུ་མཛེས་པས་བརྒྱན་པར་བྱེད། ཏག་ཏག་སྐབས་འདི་ལ། རེ་སྨོན་དང་འདུན་མ་བརྒྱ་ཕྲག་སེམས་ལ་བཏེགས་པའི་བྱ་བྱེའུ་ཡི་ཚོགས་དང་། རྟེའུ་དང་ལུ་གུའི་ཚོགས་རྣམས་མ་དྲིན་མོའི་ཆེའི་མངལ་ལས་འཕོས་ཏེ་སྐུ་བལྟམས་པ་ན། འདུ་འཛི་དང་ཟང་ཟིང་གིས་ཁེངས་བའི་འཇིག་རྟེན་གྱི་ཁ་དོག་ལ་ནེམ་ཤ་གསར་བ་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་བསྩལ་བྱུང་།
  འོན་ཀྱང་། དེ་དག་ནི་བདག་བློས་འཆར་སྣང་བགྱིས་པ་ཙམ་ལས་དཀར་ངོགས་དང་རྨང་ནས་མི་མཐུན་པར། ངས་གཉོམ་ཞིང་ཁུངས་ལ་ལྟུང་བའི་མིག་ཟུང་ཕྱེས་མ་ཐག་སྣང་ཡུལ་དུ་གྱུར་བ་ནི་སྐམ་ལ་ཉེ་བའི་གཙང་བོ་དང་མཚེའུ། སྐྱ་ཟད་སྔོ་སྡུག་གི་འཚོ་བའི་གདོང་འབག་དག་མ། དྲོད་དང་འོད་སྣང་ཉམས་ལ་ཁད་ཀྱི་གཞོན་པའི་ཉི་མ། སྨྱོ་ཧམ་གྱིས་ཟིན་པའི་འཇིག་རྟེན་གྱི་ཡོ་ལང་། དུས་ཐོག་དེར། རྒྱ་མཚོར་རྦ་རླབས་མེད་ཅིང་སྡོང་བོར་ལོ་འདབ་མེད་ལ། འབྲུག་སྒྲར་ཟིལ་ཤུགས་དང་བྲལ།
   འཚོ་བར་ཁོ་ཐག་ཆད་པའི་ཁོ་བོ་དང་འདྲ་བ་དག་སྣང་སྲིད་དུ་གྱུར་བའི་འདུས་བྱས་ཀྱི་ཚུར་སྣང་ལས་མིད་རྩ་རྩ་བ་ནས་འཐུས་ཏེ། མཐའ་མའི་དབུགས་རྟ་རྔ་ཙམ་དེ་ཡང་གཞོམ་ལ་ཉེ་ཨང་།
   དཔྱིད་དཔལ་ཡ་དཔྱིད་དཔལ་ཨང་། རེ་བས་མེ་ལྕེ་དྲོད་ཀྱིས་སྦར་ཏེ་འཇིག་རྟེན་པའི་མིག་གི་དགའ་སྟོན་ལ་འཁྲུངས་ཤོག ཁྱེད་རང་མེད་པས་འཇིག་རྟེན་པའི་ཡིད་ཀྱི་རེ་བའི་ས་བོན་རྡོག་གཅིག་དེ་ཡང་གཞོམ་ལ་ཉེ། ཁྱེད་རང་འབྲུག་སྒྲའི་རྣམ་རོལ་དུ་སྤྲུལ་ཏེ་ནམ་ཞིག་སྲིད་པའི་སྒོ་དྲུང་ལ་ལོག་ཤོག སྤྲིན་གྱི་འབྲས་བུའི་རང་བཞིན་དུ་ས་འཛིན་མའི་ཁྱོན་ལ་སྦྲང་ཆར་བསིལ་མ་ཕོབས་ཤིག
  ཁྱེད་ཉིད་ཡོད་པར་གྱུར་བའི་ཚེ། སྲོག་ལྡན་གྱི་འགྲོ་བ་ཐམས་ཅད་ལ་རེ་བའི་བདུད་རྩི་དྭངས་མོ་དེ་ཕབ་འགྲོ་ཨང་།

  • ལེ་ཚན་སྔོན་མ།:སའི་གོ་ལ།
  • ལེ་ཚན་རྗེས་མ།:ཕུགས་བསམ།