ཕུགས་བསམ།

ཕུན་ནོར།        2016-05-09

འཇིག་རྟེན་འདི་ན་ཕུགས་བསམ་མེད་པའི་མི་ནི་བེམ་རོ་དང་འདྲ། ཕུགས་བསམ་ཅན་ཚོའི་བྱ་སྤྱོད་གང་ཐད་ལའང་སྤྱིར་བཏང་དུ་མི་འདྲ་བ་མང་དུ་མཆིས། ཕུགས་བསམ་ཅན་དེ་རྒྱང་རིང་མཐོང་ནུས་པའི་མིག་ཤེལ་ཅན་དང་འདྲ། ཕུགས་བསམ་ལ་དབྱེ་ན། རང་དོན་ཁོ་ནར་དམིགས་པ་དང་། གཉེན་གྲོགས་ཀྱི་དགེ་བར་དམིགས་པ། ཉམ་ཆུང་དག་གེགས་བར་དང་མུ་གེའི་གནས་ལས་བསྐྱབ་རྒྱུར་དམིགས་པ། ཕ་ཡུལ་དང་མི་རིགས་ཀྱི་དོན་ཆེན་ལ་དམིགས་པ། དགེ་བར་དམིགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་སོགས་ལ་དམིགས་པའོ། རང་རེའི་དུས་སྐབས་ཁྱད་པར་ཅན་འདིའི་སྐབས་སུ་ཕ་ཡུལ་དང་མི་རིགས་ཀྱི་དགེ་རྩར་དམིགས་པའི་ཕུགས་བསམ་དེ་གཙོ་ཆེ་ཤོས་སུ་སྣང་།འོན་ཏེ་ཕུགས་བསམ་ཞེས་པ་ཁ་ནས་བཤད་པ་ཙམ་གྱིས་བསྒྲུབ་ཐུབ་པ་ཞིག་མ་ཡིན་པས།གོམ་པ་རེ་རེ་བྱས་ནས་བརྟན་པོའི་ངང་སྐད་ཅིག་ཡུན་དུའང་ཆད་མེད་རེམ་རྒྱུ་གལ་ཆེའོ། །ཕུགས་བསམ་མངོན་དུ་འགྱུར་བར་གེགས་བྱེད་བྲག་རྡོ་བགྲང་གིས་མི་ལང་བ་ལས། ལ་ལར་ཆེ་ཙམ་དང་། འགའ་རེར་ཚབས་ཆུང་ཙམ་དུ་སྣང་། འགའ་ཞིག་ལ་གེགས་བར་འཕྲད་མ་ཉིད་དུ་བཟོ་ལྟ་ཤོར་ནས་ཕུགས་བསམ་འདོར་བ་དང་། རེ་འགས་གེགས་བར་ཚབས་ཆུང་རིགས་ཁྱད་བསད་ནུས་ཀྱང་། ཚབས་ཆེན་ཞིག་དང་འཕྲད་ཚེ་དཔའ་འཁུམས་པར་འགྱུར་རོ། དོན་ཆེན་ཕྲག་ཏུ་འཁུར་བའི་རྡོ་སོལ་ཕྱོགས་བསྡུས་བསྔོགས་འདོན་མས་དེའི་རྐྱེན་གྱིས་གེགས་བར་ཆེ་ཆུང་ཅི་འདྲ་ཞིག་དང་འཕྲད་རུང་འཇིགས་ཞུམ་སྤུ་ཙམ་མེད་པར་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བའི་ཐབས་དང་ཇུས་ལ་འབད་པ་ལྷོད་མེད་བྱས་པས། ཕུགས་བསམ་བཟང་པོ་མངོན་འགྱུར་ཡོང་རྒྱུ་གདོན་མི་ཟའོ། །མདོར་ན། སྐྱེ་བོ་ཕུགས་བསམ་ཅན་ཁྲི་སྟོང་མང་པོའི་ཁྲོད་ནས་མཐར་མངོན་འགྱུར་ཐོབ་མཁན་རེ་གཉིས་ལས་མེད་དོ། །  
  • ལེ་ཚན་སྔོན་མ།:དཔྱིད་དཔལ།
  • ལེ་ཚན་རྗེས་མ།:ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།