རང་ངོ་རང་གིས་ཟིན་རྒྱུ་ནི་གལ་ཆེན་པོ་རེད།

སྒ་རུ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར།        2016-04-06

གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། རི་མགོའི་དགོན་པ་ཞིག་ཏུ་བོང་བུ་ཞིག་གིས་ཉིན་རེ་བཞིན་ཕྱེ་འཐག་ཁང་དུ་མཆིག་གུ་སྐོར་གྱིན་ཡོད། ལོ་ཟླ་མང་པོ་ཞིག་འགོར་རྗེས་བོང་བུ་དེ་སྤྱིར་བཏང་གི་འཚོ་བ་དེ་ལ་སུན་སྣང་སྐྱེས་པས། ནམ་རྒྱུན་མཆིག་གུ་སྐོར་མི་དགོས་པར་ཕྱི་རོལ་གྱི་འཇིག་རྟེན་བལྟ་བར་འགྲོ་ཐུབ་པ་ཞིག་ བྱུང་ན་ཇི་འདྲའི་སྐྱིད་པ་ལ་སེམས་ཀྱིན་ཡོད།
ཡུན་རིང་མ་འགོར་བར་གོ་སྐབས་སླེབས་སོང་། བཙུན་པ་ཞིག་གིས་བོང་བུ་དེ་ཁྲིད་ནས་རི་འདབས་སུ་ཅ་ལག་དབོར་བར་ཆས་སོང་པས་བོང་བུ་ཧ་ཅང་དགའ་པོ་བྱུང་། རི་འདབས་སུ་འབྱོར་རྗེས་བཙུན་པས་ཅ་ལག་བོང་བུའི་རྒྱབ་ཏུ་བཀལ་རྗེས་དགོན་པར་ལོག་པའི་ལམ་དུ་ཞུགས། བློ་ཡུལ་ལས་འདས་པ་ཞིག་ལ་ལམ་འགྲོ་བ་དག་གིས་བོང་བུ་མཐོང་འཕྲལ་དད་པ་ཆེན་པོས་ལམ་གྱི་གཡས་གཡོན་དུ་པུས་མོའི་སླ་ང་ས་རུ་བཙུགས་ནས་ཁོ་ལ་ཕྱག་འཚལ་བར་བྱེད། དེར་བོང་བུ་དོགས་པའི་རྒྱ་རུ་ཚུད་ནས་ཅིའི་ཕྱིར་མི་རྣམས་ཀྱིས་རང་ཉིད་ལ་ཕྱག་འཚལ་བ་ཡིན་པ་མ་ཤེས་པས་བྲེལ་འཚུབ་ངང་གཡོལ་ཅི་ཐུབ་བྱས། འོན་ཀྱང་ལམ་གྱི་མགོ་མཇུག་བར་གསུམ་དུ་མི་རྣམས་ཀྱིས་ཁོ་ལ་ཕྱག་འཚལ་བས་བོང་བུ་ལ་ཁེངས་སེམས་ཤིག་ག་ལེར་སྐྱེས་ཏེ། མ་གཞིར་མི་རྣམས་ཀྱིས་རང་ཉིད་ལ་འདི་འདྲའི་དད་གུས་བྱེད་པ་ཡིན་འདུག་སྙམ། དེ་ནས་བོང་བུས་མི་ཞིག་ཚུར་ཡོང་བ་མཐོང་འཕྲལ་ཅི་མི་སྙམ་པར་ལམ་དཀྱིལ་དུ་གཡག་ལྟར་འགྱིང་བ་དང་། དགོན་པར་འབྱོར་རྗེས་བོང་བུས་རང་ཉིད་རླབས་ཆེན་ཞིག་ཡིན་སྙམ་ནས་མཆིག་གུ་བསྐོར་རྒྱུར་གཏན་ནས་མི་འཐད་པར་མི་རྣམས་ཀྱིས་ཕྱག་འཚལ་བར་རེ་བ་བྱས། མཇུག་མཐར་བཙུན་པ་འུ་ཐུག་ཐབས་ཟད་དུ་གྱུར་ནས་བོང་བུ་རི་འདབས་སུ་འགྲོ་རྒྱུ་བྱས།ཏག་ཏག་བོང་བུ་རི་འདབས་སུ་འབྱོར་དུས་རྒྱང་རིང་ན་མི་སྐོར་ཞིག་གིས་རྔ་དང་འཁར་རྔ་རྡུང་ནས་ཡོང་གིན་འདུག བོང་བུའི་བསམ་པར་མི་རྣམས་རང་ཉིད་བསུ་རུ་ཡོང་པ་ཁོ་ཐག་རེད་བསམས་ནས་རྫིག་རྔམ་དང་བཅས་ལམ་དཀྱིལ་དུ་ལངས་ནས་བསྡད། མ་གཞིར་མི་དེ་དག་ནི་བག་མ་བསུ་བར་འགྲོ་མཁན་ཡིན་ལ། བོང་བུ་ཞིག་གིས་ཁོ་ཚོའི་ལམ་བཀག་པར་འཚིག་པ་གཏིང་ནས་ཟོས་ཏེ་བོང་བུ་ལ་དབྱུག་གུས་རྡུང་ཅི་ཐུབ་བྱས།བོང་བུ་དབུགས་ཧལ་ཧལ་ངང་བྲོས་ནས་དགོན་པར་ལོག་སྟེ་ཁོང་ཁྲོ་རབ་ཏུ་ལངས་པའི་སྒོ་ནས་བཙུན་པ་ལ་“མ་གཞིར་མི་སེམས་ནི་འཇིགས་སུ་རུང་པ་ཞིག་རེད་འདུག ཐེངས་དང་པོར་ཁོ་བོ་རི་འདབས་སུ་འབྱོར་དུས་མི་རྣམས་ཀྱིས་ང་ལ་ཕྱག་འཚལ་བ་ཡིན་ཡང་། དེ་རིང་ཁོ་ཚོས་ང་ལ་གཅར་རྡུང་བྱེད་”ཅེས་བཤད། བཙུན་པས་དངན་པ་ཞིག་འཐེན་རྗེས་“ཁྱོད་ངོ་མ་བོང་བུ་གླེན་པ་ཞིག་རེད། ཉིན་དེར་མི་རྣམས་ཀྱིས་ཁྱོད་ཀྱི་རྒྱབ་ཏུ་འཁུར་བའི་སྐུ་འདྲ་ལ་ཕྱག་འཚལ་བ་ཡིན་པ་ལས་ཁྱོད་ལ་ཕྱག་འཚལ་བ་མ་རེད་”ཅེས་བཤད།
རྒྱུ་མཚན་དེའི་ཕྱིར་ང་ཚོའི་མི་ཚེའི་ཁྲོད་ཀྱི་ཆེས་བློ་ཕམ་པའི་དོན་དག་ཅིག་ནི་རང་ངོ་རང་གིས་མི་ཟིན་པ་དེ་རེད།གལ་ཏེ་ཁྱོད་ལ་རྒྱུ་ནོར་འཛོམས་ན། མི་གཞན་གྱིས་དད་གུས་བྱེད་པ་ནི་ཁྱོད་ཀྱི་རྒྱུ་ནོར་ཡིན་པ་ལས་ཁྱོད་མ་རེད། འོན་ཀྱང་ཁྱོད་ཀྱིས་མི་གཞན་གྱིས་རང་ཉིད་ལ་དད་གུས་བྱེད་པ་ཡིན་པར་གོ་ནོར་ཐེབས་ངེས།གལ་ཏེ་ཁྱོད་ལ་དབང་ཆ་ཡོད་ན། མི་གཞན་གྱིས་དད་གུས་བྱེད་པ་ནི་ཁྱོད་ཀྱི་དབང་ཆ་ཡིན་པ་ལས་ཁྱོད་མ་རེད། འོན་ཀྱང་ཁྱོད་ཀྱིས་མི་གཞན་གྱིས་རང་ཉིད་ལ་དད་གུས་བྱེད་པ་ཡིན་པར་གོ་ནོར་ཐེབས་ངེས།གལ་ཏེ་ཁྱོད་ལ་མཛེས་པའི་བཞིན་རས་ལྡན་ན། མི་གཞན་གྱིས་དད་གུས་བྱེད་པ་ནི་ཁྱོད་ཀྱི་མཛེས་པའི་བཞིན་རས་ཡིན་པ་ལས་ཁྱོད་མ་རེད། འོན་ཀྱང་ཁྱོད་ཀྱིས་མི་གཞན་གྱིས་རང་ཉིད་ལ་དད་གུས་བྱེད་པ་ཡིན་པར་གོ་ནོར་ཐེབས་ངེས།ནམ་ཞིག་རྒྱུ་ནོར་དང་། དབང་ཆ། མཛེས་པའི་བཞིན་རས་བཅས་དུས་ལས་ཡོལ་སྐབས། མི་གཞན་གྱིས་ཁྱོད་རང་མཆིལ་མའི་ཐལ་བ་བཞིན་དུ་འདོར་ངེས་རེད། རྒྱུ་མཚན་ནི། མི་གཞན་པས་ཁྱོད་ལ་དད་གུས་བྱེད་པ་ནི་ཁོང་ཚོའི་དགོས་མཁོ་ཡི་ཆེད་དུ་ཡིན་པ་ལས་ཁྱོད་རང་མ་རེད།དེ་བས་རང་ངོ་རང་གིས་ཟིན་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། 
  • ལེ་ཚན་སྔོན་མ།:ཁོར་ཡུག་ལ་དུང་བའི་སྐད་ཆ།
  • ལེ་ཚན་རྗེས་མ།:དཔྱིད་ཀའི་སྤྲོ་སྣང་།