ཉིན་གཅིག་ལ་ཡིག་ནོར་བཞི་མཐོང་བ།

རྔ་བ་གྲགས་པ།        2020-11-02


 

ཉིན་གཅིག་ལ་ཡིག་ནོར་བཞི་མཐོང་བ།

 

ཉིན་འདི་དག་ནི་ཁོ་བོས་དཔེ་ཆ་གང་འདོད་ལ་ལྟ་ཐུབ་ཀྱི་མེད་པར་ཨུ་ཚུགས་ཀྱིས་རྒྱུགས་ཤོག་ལ་སྦྱར་བས།ཡིད་ཤེས་ནི་བྱ་སྤུ་བཞིན་སྟོང་བའི་དབྱིངས་སུ་རྒྱུ་བ་ལས་བཀླག་བྱའི་དཔེ་ཆའི་ཐོག་ཏུ་རྣམ་ཤེས་གཏོད་ཐབས་བྲལ།བདག་དཔེ་ཆ་ཀློག་པར་མོས་པ་ཆེ་ནའང་རྒྱུགས་ཤོག་བཀླག་པ་ལས་སུན་སྣང་ཆེ་བ་ཞིག་གཞར་ཡང་མ་ཡོད།གང་ལྟར།དེ་རིང་ནི་དཔེ་མཛོད་ཁང་དུ་སྡོད་པ་དང་ཕྱི་རུ་གཡེང་བ་སྤེལ་མར་བགྱིས་ཏེ་ཉིན་མོ་བསྐྱལ།ཞར་ལ།དྲ་ལམ་དང་དཔེ་ཆའི་ཁྲོད་ནས་ཡིག་ནོར་བཞི་ལ་ཐུག་བྱུང་བས།འདི་ནི་ད་དབར་གྱི་རྩོམ་འབྲི་བ་བྱིངས་སུ་ཁྱབ་པའི་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་དུ་བསམས་ཏེ་དེ་ལ་གསལ་བཤད་ཅིག་ཞུ་འདུན་སྐྱེས།ལར་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་ཀུན་ལ་དག་བཅོས་བྱ་དགོས་ན་ཤིན་ཏུ་མང་བོ་ཞིག་ཡོད་ངེས་མོད།ང་ལྟ་བུ་ཞིག་གིས་ཡོད་ཚད་ལ་དགག་གཞག་བྱའང་ཤེས་ཀྱི་མེད།འོན་ཏེ།འདི་ནས་ཉིན་གཅིག་ཙམ་ལ་མཐོང་བའི་ཡིག་ནོར་བཞི་ཁོ་ན་བརྗོད་པར་བྱའོ།།

ཀྱིན།

དྲ་རྩོམ་ཞིག་ཏུ་བལྟས་ཀྱིན་བལྟས་ཀྱིན་ཞེས་བྲིས་པར་མཐོང་བ་ན།དཔེ་དེབ་ཅིག་ཏུ་བྱས་ཀྱིན་བྱས་ཀྱིན་ཞེས་བྲིས་པའང་ཡོད་པ་ཡིན་ནམ་བསམས་སོང་།མ་ཟད།ད་སྐབས་དེ་ལྟར་འབྲི་མཁན་མང་ཙམ་ཡིན་པའང་དྲན་དུ་བཅུག སྤྱིར་བཏང་།ཀྱིན་ཞེས་པ་འདི་དུས་ད་ལྟ་བ་ཁོ་ནའི་ཚིག་གྲོགས་ཡིན་ལ།བྱས་དང་བལྟས་སོགས་ནི་འདས་པ་ཉིད་ཡིན་པས་མ་དག་པར་མཐོང་སླ།

ཀྱིས།

དྲ་གྲོགས་ཤིག་གིས“ཀྱིས”ཞེས་པ་འདི་སྐུལ་ཚིག་ཏུ་བཀོལ་འདུག་པ་མཐོང་།བལྟས་ཚོད་ལ་ཁོས་ནི་ཧ་ཅང་བརྡ་སྤྲོད་དང་མཐུན་བསམས་ཏེ་བྲིས་ཡོད་པ་འདྲ་སྟེ།གྱིས་སྐུལ་ཚིག་ལ་འཇུག་པས།“ཀྱིས”ཞེས་པ་འདིའང་རྗེས་འཇུག་ད་བ་ས་གསུམ་དང་འཕྲད་ཚེ་སྐུལ་ཚིག་ལ་གྱིས་ཞེས་འབྲི་མི་རུང་བར་ཀྱིས་ཞེས་འབྲི་དགོས་པར་བསམས་ནས་འཁྲུལ་ཡོད་ཚོད་འདུག འདི་ནི་དཔེ་ཆའི་ཐོག་ནས་མཐོང་བ་མི་དྲན་ཡང་དྲ་ལམ་ནས་མཐོང་སོང་།རྒྱུན་པར་དེ་ལྟ་མཐོང་དཀོན་པས་དགག་དགོས་པའང་ཆེར་མེད་པས་འཇོག་གོ།

དགེན།

ད་དུང་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་ཞིག་ནི།“དགེན”ཞེས་པ་འདི་རེད།འདི་ནི་དེ་རིང་ཙམ་མིན་པར་དུས་རྟག་པར་མཐོང་རྒྱུ་མང་བར་མ་ཟད།རྩོམ་པ་པོ་དང་མཁས་པ་ཡིན་ཟེར་མཁན་མང་བོས་འདི་ལྟར་འབྲི་བཞིན་ཡོད་པར་ཁོ་བོས་སྔོན་ནས་ཚིག་རྩོད་འདྲ་བྱེད་མྱོང་མོད།ད་དུང་དགེན་ཞེས་འབྲི་མཁན་ཤིན་ཏུ་མང་བར་སེམས།ལར་དགེན་ཞེས་པ་འདི་རྒན་ཞེས་པའི་དོན་ཡིན་ལ།རྒན་ཞེས་པ་དེ་དབུས་པ་རྣམས་ཀྱིས་བཀླགས་ཚེ་དགེན་ཞེས་པའི་སྒྲ་གདངས་ལྟར་བཀླག་པས།ཨ་མདོ་སོགས་ཀྱིས་ཡིག་ཐོག་ཏུ་དགེན་ཞེས་བྲིས་པ་ཞིག་ཏུ་སྣང་།

འདི་ལ་ད་དུང་འཁྲུལ་གཞི་ཞིག་ནི།དགེན་ཞེས་པ་དེ་དགེ་རྒན་གྱི་བསྐུངས་ཡིག་གམ་བསྡུས་ཡིག་ཡིན་པས།འདི་ནས་དགེན་ཞེས་པ་དེ་མ་དག་པ་མིན་སྙམ་གྱི་ཡོད་པ་དེ་རེད།སྤྱིར་དགེན་ནི་དགེ་རྒན་གྱི་བསྐུངས་ཡིག་ལ་འཇུག་པ་བདེན་ནའང་།སྐབས་འདིར་བསྐུངས་ཡིག་འབྲི་བཞིན་མེད་པར་གསལ་བོར་སོམས་དང་ཡུན་གྱིས་ཤེས་འོང་ངེས་སྙམ།

ཁོ་མོ།

འདི་ནི་ད་བར་དྲ་རྩོམ་དང་དཔེ་དེབ་རྣམས་སུ་ཁྱབ་འདུག་པའི་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་རྒྱུགས་ཆེ་ཤོས་དེ་རེད་སྙམ།མ་ཟད།མཁས་དབང་དོན་གྲུབ་རྒྱལ་སོགས་ཀྱིས་ཀྱང་འདི་ལྟར་མ་དག་པར་བྲིས་ཡོད་པར་མཐོང་།གཏག་ནོར་ཡིན་ན་གཞན་ཡིན།ཁོ་མོ་ཞེས་པ་འདི་སྐྱེས་མ་ཁོ་ནས་སྤྱད་བྱའི་མིང་ཚིག་ཙམ་ཡིན་པར་མ་ཟད།སྐྱེས་མ་སྤྱོད་མཁན་མོ་རང་ཉིད་ཁོ་ན་མ་གཏོགས་སྐྱེས་མ་གཞན་ལའང་མི་འཇུག་པ་ཞིག་ཡིན།དེ་ནི་སྐྱེས་པ་ཚོའི་ཁོ་རང་ཉིད་འབའ་ཞིག་ལ་འཇུག་པའི་ཁོ་བོ་ཞེས་པ་དང་འདྲ་མཚུངས་ཡིན།ཡིན་ཡང་།ད་སྐབས་མཁས་མི་མཁས་མང་བོས་རྣམ་གཞག་མེད་པར་སྤྱོད་ཀྱིན་ཡོད་དེ།སྐྱེས་པ་ཚོས་བུད་མེད་གཞན་ལ་ཁོ་མོ་ཞེས་སྤྱོད་ཀྱིན་ཡོད་ལ། བུད་མེད་ཚོས་ཀྱང་བུད་མེད་གཞན་ལ་ཁོ་མོ་ནི་ངའི་གྲོགས་མོ་ཡིན་ཞེས་སོགས་འབྲི་བཞིན་པ་དེའོ།།བུད་མེད་ཅིག་གིས་ཁོ་མོ་ནི་ངའི་གྲོགས་མོ་ཡིན་ཞེས་དུས།ང་ནི་ངའི་གྲོགས་མོ་ཡིན་ལྟ་བུ་རྗོད་ཀྱིན་ཡོད་པས། ནོར་བ་འདི་དག་ལ་རྩོམ་འབྲི་པ་ཚོས་མཉམ་རེ་འཇོག་རེ་མ་ཆུང་ཞེས་ཞུའོ།།

  • ལེ་ཚན་སྔོན་མ།:ཕྱི་མིག་ཀློང་གི་འགྲུལ་བཞུད།
  • ལེ་ཚན་རྗེས་མ།:བྱ་ཁྱུང་ཡིན་ཟེར་བའི་འདྲ་པར་ངོ་མཚར་བ་ཞིག་མཐོང་རྗེས།