ས་སྒང་རིལ་མོར་དུངས་ཞེན་མཛོད།

ལྡོང་ཡོན་ཏན་རྒྱ་མཚོ།        2017-10-10

      རྣམ་དཔྱོད་ཡངས་པའི་སློབ་བུ་ཚོ།  འགྲོ།  དེ་རིང་གཟའ་ཉི་མ་ཡིན་པས་ང་ཚོ་ཕྱི་རོལ་ཡུལ་ལ་ལྗོངས་རྒྱུར་འགྲོ།  དཀར་དམར་མེ་ཏོག་འཕྱུར་བའི་མཐོ་གཞོངས་ཀྱི་དབྱར་གཞུང་ནི་ཤམ་བྷ་ལའི་ཞིང་ཁམས་ཡིན།  ནོར་བུ་དགའ་འཁྱིལ་དབྱིབས་ཀྱིས་འབབ་པའི་རྨ་ཀླུང་སྔོན་མོ་དང་།  དེའི་སྟོད་སྨད་བར་གསུམ་ན་མེས་པོ་གོང་མ་ཚོས་བཤད་པའི་གཏམ་རྒྱུད་མང་ལ།  ཆུ་མོའི་རླབས་གཉེར་ལྟར་འགྱུར་བཞིན་པའི་སྐྱོ་གར་ནི་དེ་ལས་ཀྱང་ངོ་།  ཁྱོད་ཚོ་མ་འོངས་པའི་བདག་པོ་ཡིན་པས་ཡོད་ཚད་ལ་རྒྱུས་ལོན་བྱས་ན་བཟང་།

  ལྷང་ལྷང་གླུ་སྒྲ་སྒྲོག་ཅིང་སྒེག་པའི་གར་སྟབས་ཀྱིས་འབབ་པའི་ཆུ་བོ་འདི་ཉིད་ཤར་རྨ་རྒྱལ་སྦོམ་རས་གནང་བའི་བདུད་རྩི་འཛད་པ་མེད་པའི་བཞུར་རྒྱུན་ཡིན།  བཤད་རྒྱུན་ལ།  རྫོགས་ལྡན་དང་པོའི་ཚེ་ན།  ཤར་རྨ་རྒྱལ་སྦོམ་རས་རིན་ཆེན་སྣ་དགུ་ཁལ་ལ་བཀལ།  འཁོར་ཚོགས་རྒྱ་མཚོས་རུ་དཔུང་བསྟར་ཏེ།  ན་བུན་འཐིབས་པའི་གྲོང་ཚོ་ཆུང་ངུར་གྱེས་ཕྱག་ཕུལ་ནས་འཕགས་ཡུལ་དུ་ཆས་ཚེ།  སྐུ་ཞང་བྲག་དཀར་ཧྭ་རིང་གིས་ཐུགས་ཁྲོ་བ་གློག་དམར་འཁྱུག་འཁྱུག་དང་།  མཚོན་རྣོན་པོ་གནམ་ལྕགས་འབབ་འབབ་བྱས་པས།  དེ་ནས་བཟུང་ཤར་རྨ་རྒྱལ་སྦོམ་ར་ཁ་བ་རི་པའི་མགོན་སྐྱབས་སུ་བཞུགས་ཀྱང་།  གངས་ཆུ་བསིལ་མའི་བཞུར་རྒྱུན་ཆད་མ་མྱོང་བར་བབས་པ་ལ་རྨ་ཀླུང་རིང་མོར་འབོད་སྐད་འདུག

  རྣམ་དཔྱོད་ཡངས་པའི་སློབ་བུ་ཚོ།  སེམས་རྣལ་ལ་ཕབ་སྟེ་ལྟོས་དང་།  དེ་རིང་ང་ཚོའི་མདུན་ཕྱོགས་ན་ཀྱག་ཀྱོག་གིས་འབབ་ཅིང་མི་གཙང་ལྗན་ལྗིན་གྱིས་གང་བའི་ཆུ་བོ་འདི་ནི།  སྔོན་གྱི་ཚེ་ཡན་ལག་བརྒྱད་ལྡན་དུ་གྲགས་པའི་རྨ་ཀླུང་བུ་མོ་རེད།  ང་ཚོས་དྭངས་གཙང་བདུད་རྩིའི་བྲོ་བ་མྱངས་མ་མྱོང་།  ངོ་མཚར་ཆུ་བོའི་བྱེད་ལས་མ་ཤེས།  སྟོབས་ལྡན་རྨ་ཆུ་བེད་སྤྱོད་མ་ཐུབ་པར།  མི་གཙང་དམེ་བཙོག་ཐམས་ཅད་འདོར་སར་བྱས།  དུར་མཆོད་དང་ཕྱགས་ལུད་ཀྱིས་རྨ་ཆུ་སྦགས་ཟིན་ཀྱང་།  སྐྲ་ལོ་མེ་ཡིས་ཚིག་པ་མ་ཚོར་བར་ད་དུང་གནའ་སྒྲུང་ཐན་ཐུན་གྱི་བཟླས་བརྗོད་ཁོ་ནར་དགྱེས་པ་ཅི་འདྲའི་ཡིད་སྐྱོ་དགོས་པའི་གནས་ཤིག་རེད་ཨང་།

  རྨ་ཆུ་ང་ཚོའི་ཕ་ཡུལ་ནས་འབབ་ཀྱང་བེད་ལེགས་པར་མི་ཆོད་པ་ནི་རང་ཉིད་བུ་མ་ཤང་བའི་ཕམ་ཁ་དང་པོ་ཡིན།  སློབ་བུ་ཚོ།  ཁྱོད་ཚོས་སོམས་དང་།  ཁྱིམ་མཚེས་མི་རིགས་དག་གིས་མཚར་སྡུག་འབུམ་ལྡན་གྱི་གློག་འོད་ཆེམ་ཆེམ་འོག་ན།  བློས་མི་དཔོག་པའི་སྒྱུ་འཕྲུལ་སྣ་ཚོགས་ལ་རོལ་བ།  རྨ་ཀླུང་སྔོན་མོའི་སྟོབས་ཤུགས་ལས་རྙེད་པའི་བདེ་སྐྱིད་རྐྱང་རྐྱང་རེད།  ང་ཚོའི་མི་རིགས་འདི་ཉིན་མོར་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་ནས་འདུར་བཞིན་རྫི་གླུ་ཐར་ཐོར་རི་ལ་བསྐུར་ཅིང་ལྷ་སྒྲུང་ཁ་ཁེར་ལ་རྣ་བ་བླགས།  མཚན་མོར་རི་སྤྱང་སྔོན་མོའི་ངུ་ཟུག་དང་སྐར་ཚོགས་ཕྲ་མོའི་འདར་ཡོམ་འོག་ཏུ་གཏིང་ཟབ་མུན་ནག་ཅིག་གི་འཇིག་རྟེན་ཆུང་ངུར་གཉིད་རྐྱང་བྱས་ན་ག་ལ་འགྲིག    རྨ་འབྲི་རྫ་གསུམ་སོགས་ནོར་བུ་རང་ལ་ཡོད་དུས།  ནོར་བུའི་ནོར་ཉམས་ཆོད་དགོས་པའི་ཚུལ་འདི་སེམས་ཁོང་ནང་མར་ཉར་རོགས།

  ཕར་ཕྱོགས་ན་རྩྭ་ཟད་ཆུ་སྐམ་གྱི་རི་བོ་ཞིག་རྟག་ཏུ་ངུ་ཞིང་།ཚུར་ཕྱོགས་ན་སྡོང་སྐམ་འགའ་ཞིག་གཟེངས་སུ་ཐོན་པའི་འཇིགས་རུང་གཡུལ་ས་ལྟ་བུའི་ནགས་རི་དེ་དག    ད་དུང་སྟོད་ཕྱོགས་ན་ཉམས་ཤོར་པའི་གངས་རི་དང་བྲག་རི།  སྨད་ཕྱོགས་ན་ཤྭ་འོད་ཀྱིས་དེད་པའི་ནས་ཞིང་དང་གྲོ་ཞིང་སོགས་མི་སྡུག་མཚན་མ་བརྒྱ་ཕྲག་གིས་ནོན་པ་མང་པོ་ཞིག་མཐོང་ལམ་དུ་གསལ་འོང་བ་ང་ཚོ་དང་ང་ཚོའི་ཕྱི་རབས་པ་རྣམས་གཏན་སྡོད་བྱེད་དགོས་སའི་གྲུ་ག་འཁྲུལ་མེད་རེད།  ད་ལྟ་གནས་འདི་རུ་རྩྭ་ལྗང་གཡུ་ལོ་གདན་དུ་བཏིངས།  རྫ་ཆུ་བསིལ་མས་འགྱུར་ཁུགས་ངོམ།  རྐང་འཐུང་གཞོན་ནུའི་གཡུ་ལོ་ཐགས་སུ་བཀྲ།  རྩ་ཆེན་སྨན་སྣའི་དྲི་བསུང་ཕྱོགས་སུ་འཐུལ།  རི་སྐྱེས་སྣ་ཚོགས་ཀྱང་བག་ཕེབས་སོས་དལ་གྱིས་རྩེ་མྱོང་ཟེར་ན་ངག་རྒྱུན་ཙམ་དུ་གྱུར།

  ད་སྐབས་ང་ཚོས་རྩྭ་ཟད་ཆུ་སྐམ་གྱི་རྒྱུ་རྐྱེན་མི་འཚོལ་བར་རྩྭ་ཆུའི་དབང་འཛིན་རྩོད་པ་ཆུ་ངོགས་དཔའ་རྒོད་དང་ལྷོ་ཕྱོགས་ཇག་རྐུན་ཕན་ཚུན་བརླགས་པའི་ཟློས་གར་རྐྱང་རྐྱང་ལས་མི་འདུག    ཀླད་མེད་ཅོལ་ཆུང་འགའ་ཞིག་གིས།  མཐོ་གཞོངས་ཀྱི་ཚེ་སྲོག་གདོན་པོ་སྟེ་རི་ལུང་ཐང་གསུམ་གྱི་ལྗོན་པ་རྩད་ནས་བཅད་དེ་འཕྲུལ་གྱིས་དྲངས།  རང་བྱུང་གཏེར་ཁ་དང་ངོ་མཚར་སྨན་སྣ་ཤུལ་མེད་དུ་བཏོན་པས།  དཔངས་ཀྱིས་མཐོ་བ་ཇོ་མོ་བླ་རི།  ཡུལ་གྱིས་གཉན་པ་རྨ་རྒྱལ་སྦོམ་ར།  གྲགས་པས་ཁྱབ་པ་གཟི་ཚ་སྡེ་དགུ།  ངོ་མཚར་འབུམ་ལྡན་གཉན་པོ་གཡུ་རྩེ་སོགས་ཕྱི་རྫིག་ནང་སྟོང་གི་བུམ་པར་བསྒྱུར་ངེས་པས།  དེ་དུས་འོ་དོད་ཀྱིས་རི་ལུང་བཀང་ཡང་འཕྱིས་དྲགས་པས།  རེ་བ་མེ་སྟག་འདྲ་བོ་གསོ་ཐབས་དང་དབུགས་རྒྱུན་སྐྲ་ཉག་འདྲ་བོ་མཐུད་ཐབས་ལ་རེམ་དགོས་པ་མ་བརྗེད།

  ཡིད་ཆེས་ཁོ་ནའི་མངར་ཁར་མི་ཆགས་པར་མངོན་རྗེས་ཚད་མའི་རྗེས་འབྲང་གི་སློབ་བུ་ཚོ།  བྱམས་ལྡན་སྤྲེའུས་ཏིང་འཛིན་སྒོམ་ཞིང་།  ཁྲོ་གཉེར་ཅན་མ་བྲག་སྲིན་དུ་བརྫུས་མྱོང་བའི་ཡུལ་གྲུ་འདིར།  རི་དྭགས་རྒྱལ་པོའི་གཡུ་རལ་ངོམ་པའི་ལོ་རྒྱུས་མང་ལ།  གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱིས་འདམ་རྩྭ་ཟོས་པའི་རྗེས་ཤུལ་གསལ།  གཞན་ཡང་འབྲོང་དར་མ་དང་།  གླ་བ་རྒོད་པོ།  ཤ་བ་རྭ་བརྒྱད།  བསེ་རུ་རྭ་གཅིག    སྟག་གཟིག་དོམ་དྲེད་སོགས་གཅན་གཟན་དང་རྩྭ་གཟན་གྱི་རི་སྐྱེས་ཁྲི་མ་འབུམ།  མཐོ་བ་གནམ་ལ་འཕུར་ཞིང་དམའ་བ་ས་ལ་འཛུལ་བའི་འདབ་ཆགས་བྱ་དང་ཆུར་གནས་སྲོག་ཆགས་ཀྱང་བགྲང་གིས་མི་ལང་བ་ཡོད་མྱོང་མོད།  ད་ལྟ་ཕལ་ཆེར་ལྷ་སྒྲུང་ངམ་བཤད་སྒྲོས་ཤིག་ཏུ་གྱུར་ཟིན་པའང་རྔོན་པ་གདུག་རྩུབ་ཅན་ཚོས་ཧབ་ཐོབ་བྱས་པའི་མཇུག་འབྲས་རེད།

  ཁྱོད་ཚོར་བྱམས་དང་སྙིང་རྗེས་བཅོས་མིན་ཞིག་གམ་ས་སྒང་རིལ་མོར་དུངས་ཞེན་ཡོད་ན།  བླང་དོར་བློ་གྲོས་གསལ་པོ་ཞིག་གམ་བུ་རབས་ཚ་རྒྱུད་ལ་བརྩེ་བ་ཟབ་ན།  ལྷུན་ཆགས་རི་བོ་རྨང་ནས་མ་བཤིག    དྭངས་གཙང་ཆུ་བོ་བཙོག་པས་མ་སྦགས།  གསེར་དངུལ་གཏེར་མཛོད་ས་བརླག་རྡོ་བརླག་མ་བྱེད།  རྐང་འཐུང་ལྗོན་པ་གཅོད་ལ་མ་རྔམ།  རི་སྐྱེས་དང་འདབ་ཆགས་ཀྱི་ཚེ་སྲོག་ལ་མ་རྒོལ་བྱམས་པས་སྐྱོངས།  ཐ་ན་རི་བོང་བློ་ལྡན་དང་བྱི་བ་ས་སློག   འུག་པ་མིག་སེར་དང་ས་འབུ་ནག་རིང་ཡན་ཆད་འཚེ་བྲལ་བཏང་སྙོམས་སུ་ཞོགས་དང་།  ས་སྒང་རིལ་མོས་ཁྱོད་ཚོར་དྲིན་ལན་གཞལ་ངེས་ལ།  བུ་རབས་ཚ་རྒྱུད་ལ་རྫོགས་ལྡན་དང་པོའི་དགའ་སྟོན་ཞིག་བསྲིང་ཐུབ་ངེས།  ངའི་སྙིང་ནས་གཅེས་པའི་སློབ་བུ་ཚོ།  སྙིང་གཏམ་འདི་དག་མ་བརྗེད་པར་གྱིས་དང་།  ཁྱོད་ཅག་གི་བྱས་རྗེས་པོ་ཏ་ལའི་གཟི་བྱིན་དང་བསྡོངས་ཏེ་འཛམ་གླིང་ཆེན་པོའི་མཁའ་དབྱིངས་ནས་འཕྲོ་ངེས་སོ།


  • ལེ་ཚན་སྔོན་མ།:མཐུན་སྒྲིལ།
  • ལེ་ཚན་རྗེས་མ།:བྱམས་སྙིང་རྗེའི་བདག་མོ།