བར་ཐག

ཞོགས་ཉི།(དཀར་མཛེས)        2017-09-06

—— སྤོས་ལྡན་གྲོང་ནས་གནའ་མཁར་ཟི་ལིང་དུ་བསྐྱོད་པ།

ལྷོད་གཡེང་དང་བག་ཕེབས་ཀྱི་ངང་ནས་ལམ་ལ་ཆས་ཏེ་ཞེད་སྣང་དང་འཛེམ་དོགས་ཀྱི་ངང་ནས་ཟི་ལིང་ལ་འབྱོར་ན། རང་གིས་རང་ལ་ཚང་རྩིས་དང་ཞིབ་གཤེར་མང་དུ་བྱེད་བཞིན། ལམ་ཐག་རིང་པོ་ནས་ཡོང་ཡང་སེམས་ངལ་དག་ས་ལ་འཇོག་མ་ཐུབ་པར་བྲེལ་འཚུབ་ངང་ཕ་ཡུལ་ལ་ལོག་འདོད། སྤོས་ལྡན་གྲོང་ནས་ཟི་ལིང་གི་བར་ལ་ལེ་བར་སྟོང་གཅིག་དང་བཞི་བརྒྱ་ལྷག་ཡོད་ལ། བར་ཐག་དེའི་ཁྲོད་ན་སེམས་ཀྱིས་མི་ཟིན་པའི་བར་ཐག་གཞན་ཞིག་ཡོད་པ་དེ་ནི་དོན་དངོས་ཀྱི་བར་ཐག་ཨེ་ཡིན་སྙམ་བྱུང་། སྤོས་ལྡན་གྲོང་ནས་ལམ་ལ་ཆས་དུས་ང་ལ་དགའ་བ་བླ་ལྷག་ཏུ་སྐྱེས་ཡོང་སྟེ། ཟི་ལིང་ན་རང་གི་དགེ་རྒན་དང་གྲོགས་པོ། བོད་ཀྱི་སྐྱེས་ཆེན་མང་པོ་བཞུགས་ཡོད་པས་ཡིན་ལ། དེ་མིན་རང་ཉིད་ཀྱིས་མི་ལོ་བཞི་ལ་འདི་གར་སློབ་གཉེར་བྱས་ཤིང་རང་ཉིད་མི་རིགས་སློབ་གསོའི་ལས་སྟེགས་སུ་འགྲེངས་ཏེ་གྲུབ་འབྲས་ཅུང་ཟད་ཡོད་པའང་གནས་འདི་ནས་སྦྱིན་པ་མིན་ནམ། ཡིན་ནའང་། ཟི་ལིང་ལ་ཐོན་དུས་ང་ལ་ལྷོད་ལྷོད་ཀྱི་ངང་ནས་འདུག་པའི་དུས་ཤིག་ཡོད་མ་མྱོང་སྟེ། དེ་ནི་སྤོས་ལྡན་དང་ཟི་ལིང་གི་བར་ཐག་གིས་བསྐྲུན་པའི་བརྗོད་དཀའ་བའི་སྣང་བརྙན་དེ་དག་རེད། སྤོས་ལྡན་གྲོང་དང་ཟི་ལིང་གི་བར་ཐག་ནི་ལེ་བར་སྟོང་ཕྲག་ཡོད་པ་དེ་མིན་ལ། ཁ་བ་དང་ཆར་བ་འབབ་པའི་དུས་ཚིགས་ཀྱི་བར་ཐག་དེའང་མིན། གྲོང་ཁྱེར་གྱི་ཁང་བརྩེགས་དང་རི་རབ་ཀྱི་ཁང་ཁྱིམ་དག་ཀྱང་མིན་པར། མི་སེམས་ཀྱི་གཏིང་རིམ་ན་བག་ལ་ཞ་བའི་བསྡུས་གཟུགས་ཀྱི་རི་མོ་དག་རེད། གྲོང་ཁྱེར་འདི་གཉིས་ནི་ང་ལ་ཆ་རྒྱུས་ཅུང་ཡོད་པའི་གྲོང་ཁྱེར་གཉིས་ཡིན་ལ། གྲོང་ཁྱེར་འདི་གཉིས་ཀྱི་ཁོང་གསེང་ནས་ངས་མི་ལོ་འགར་རང་གི་ཕུགས་བསམ་བརྩོན་སྙེག་བྱས་པ་ཡིན། མི་ཚེ་འདིར་གཏམ་རྒྱུད་ཆེས་མང་བའི་གྲོང་ཁྱེར་དེ་གཉིས་ཀྱང་ཡིན། གོག་ལངས་འདྲེས་མའི་མི་ཚེ་ནི་ཟློས་གར་གྱི་རོལ་རྩེད་ཐེངས་ཤིག་དང་རོལ་རྩེད་དེའི་ཁྲོད་ན་དཀར་ནག་གི་གཏམ་རྒྱད་སྲད་བུར་བརྒྱུས་ཡོད།  གྲོང་ཁྱེར་འདི་གཉིས་ཀྱིས་ང་ལ་བཞག་པའི་གཏམ་རྒྱུད་ཀྱང་བར་ཐག་གིས་བཞེངས་པའི་རྡེའུ་དཀར་ནག་ཡིན། སྤོས་ལྡན་གྲོང་ནི་རླུང་བུ་བསིལ་བསིལ་གྱི་ལྗོན་རྩེ་ན་ཆགས་པའི་ཡིད་འོང་གི་འདབ་ཆགས་དེ་དང་། གནའ་མཁར་ཟི་ལིང་ནི་རླུང་དམར་འུར་འུར་གྱི་སོར་རྩེ་ན་འགྲེང་བའི་གདོད་མའི་མཁར་གྱང་དེ་ཡིན། སྤོས་ལྡན་གྲོང་གི་མི་དག་ཚ་བའི་ཀློང་ན་མར་ཁུ་བཞིན་འཁྱིལ་ནས་ཡོད་ལ། དཀར་ནག་གི་ངོ་གདོང་མང་པོ་བསྲེས་མར་བསྣོལ་ནས་ཡོད། གནའ་མཁར་གྲོང་གི་མི་དག་ལྷགས་རླུང་གི་གསེབ་ན་མིག་ཟུང་རིག་རིག་གིས་ཅི་ཞིག་ཟ་བར་རྔམ་བཞིན་ཡོད་ལ།  ཙོང་ཆུ་རིང་མོ་དེའང་ཞེད་སྣང་གིས་བཞུར་གྱིན་འདུག ཁོར་ཡུག་གིས་མི་སྐྱེད་བཞིན་ཡོད་ལ། ཁོར་ཡུག་གིས་མི་སེམས་ལ་གད་བདར་བྱེད་བཞིན་ཡོད། དེ་བས། ང་ཚོ་ལ་ཞི་འཇམ་དང་ལྷོད་གཡེང་གི་ཁོར་ཡུག་ཅིག་ཇི་འདྲའི་མཁོ་ཨང་། དེ་ནི་ཏག་ཏག་ཁོར་ཡུག་དང་མི་སེམས་ཀྱི་བར་ཐག་ཅི་ལ་མིན།  སྤོས་ལྡན་གྲོང་ནས་གཉིད་ནས་སད་མི་ཐུབ་པ་དག་ཟི་ལིང་ནས་སད་ནས་གཉིད་མི་ཡོང་བ་འདི་འང་བར་ཐག་གིས་སྐྱེད་པའི་ཁོར་ཡུག་གི་བར་ཐག་དེ་ཡིན་ངེས། དེ་རིང་ཡང་བདག་སྤོས་ལྡན་དང་བྲལ་ནས་ཟི་ལིང་ལ་ཐོན་ཡོད། ལམ་ལ་ཆས་ཁར་ཟི་ལིང་གི་མགོ་མཇུག་བར་གསུམ་ཇི་ལྟར་བརྒལ་བའི་འཆར་ཟིན་བཀོད་པ་ཡིན། ལྷག་པར་མེ་འཁོར་ས་ཚིགས་དང་རླངས་འཁོར་ས་ཚིགས་དག་ན་བདག་དང་བདག་ལྟ་བའི་རྩམ་དྲི་མ་ཡལ་བ་དག་མིག་གི་རྙི་ལ་ཚུད་སྲིད་པའི་ངོ་གདོང་སྐྱ་བོ་དག་ལ་སེམས་ཁྲལ་བྱེད་ཞོར། འཕུར་ཐེངས་གཅིག་གིས་ཕ་ཡུལ་དང་ཨ་མའི་གམ་དུ་འབྱོར་ན་བསམ་གྱིན་ཡོད། རྒྱུ་མཚན་གཞན་མེད་དེ་ཕ་ཡུལ་ནི་ཆེས་དག་གཙང་གིས་ལྷོད་ལ་བབས་ནས། རྟ་ཁ་ལྷོད་ནས་བརྒྱུག་ཆོག་པའི་ཡབ་ཆེན་གྱི་རྩྭ་ཐང་ཡིན་པས་སོ།། ཉིན་འགའི་རྗེས་སུ་ང་ཡང་བསྐྱར་སྤོས་ལྡན་གྲོང་ལ་འགྲོ་སྲིད་དེ། ལམ་བར་དུ་གནའ་མཁར་ཟི་ལིང་བརྒྱུད་དགོས། བར་ཐག་གིས་ཆོད་པའི་གྲོང་ཁྱེར་འདི་གཉིས་ཀྱི་འཇམ་རྩུབ་སེམས་ཀྱིས་རེག་བཞིན་འགྲོ་དགོས། རྗེས་མར་ཟི་ལིང་ལ་ཡོང་དུས་ཆར་བ་འབབ་པའི་དུས་ཤིག་ཡིན་པར་སྨོན། ངས་མེ་ཏོག་གི་གདན་སྟེང་ནས་སེམས་ཀྱི་མི་དག་ལ་འོ་ཞིག་བྱེད་འདོད། ། 


  • ལེ་ཚན་སྔོན་མ།:གསེར་གྱི་ལྷ་དར།
  • ལེ་ཚན་རྗེས་མ།: གྲིབ་མ།