གསེར་གྱི་ལྷ་དར།

དབྱངས་འབུམ་ཚེ་རིང་། (ནུབ་བྱང་མི་རིགས་སློབ་ཆེན།)        2017-09-04

   གསེར་གྱི་ལྷ་དར།

  མིག་ལྕིབས་སུ་འཇིག་རྟེན་ཞིག་ཤོངས་པའི། བྱང་ཁོག་ལ་སྐྱེ་འགྲོའི་སྐྱིད་སྡུག་གི་སྤྲིན་པ་དཀར་ནག་རལ་ཁ་འཐབ་པའི། རྡོ་ལྟར་འཁྱག་པའི་ཚེ་སྲོག་གི་ཁྱེའུ་དག་ཤ་མཆིན་གྱི་དྲོ་ས་འཇམ་ས་ནས་སྐྱོང་བའི། ཁྱེད་ནི་མིག་ཟུང་བཙུམ་ཡང་ཞེ་ལ་འཁོར་བའི་ཨ་ཕའི་ཕྱག་ཟུང་གི་སྤྲིན་དཀར།འཇམ་ལ་ཡང་བའི་བྱིལ་བྱིལ་གྱི་རེག་བྱ་ལ་ལང་ལོང་གི་འཕྱོ་འཇགས་བྲལ། ཁྱེད་ནི་བྱང་ཐང་ནས་སེམས་ལ་ཐོགས་ཤིང་མིག་ལ་འབབ་པའི་ཨ་མའི་འཛུམ་ཞལ་གྱི་ཁ་བ། སྙི་ལ་ལྡེམ་པའི་འདབ་མ་དྲུག་ལ་རིགས་དྲུག་སྐྱིད་སྡུག་གི་དཔྱིད་ཀ་རུམ་ཡོད། ཉི་འོད་བཞུར་ནས་མཚོ་ལ་འཐིམས་ཤུལ་དུ། མུན་པའི་མལ་དུ་བྱ་གླག་ཅིག་གིས་གཤོག་འགྱུ་ཡང་ཡང་གློད། འབྲོང་གཡག་འདམ་ལ་ནུབ་པའི་རུ་ཐུར་དང་རྐྱང་རྒོད་གཡང་ལ་མཆོངས་པའི་རྔ་རྔོག་གིས། སད་པར་དཀའ་བའི་རྨི་ལམ་གྱི་ལྕགས་ཐག་དགུ་རྐྱ་དྲུད་པའི་རི་སུལ་དུ།བདེན་པ་དང་རིན་ཐང་གི་ཐོ་བས་ཡང་ཡང་བརྡུངས་རྗེས། དཔྱིད་ཀ་ཞིག་འཛུམ་དམུལ་དམུལ་གྱིས་སླེབ་པར་བརྩམས། མུན་པར་འཐབ་ཅིང་སྐྱ་རེངས་ལ་སྙེག་པའི་སྐར་ཆེན་དེ་ཡང་ཏན་ཏན་ཤར་རིའི་རྩེ་ལ་འཕགས་པས། ང་ཚོའི་ལུས་ཀྱི་བར་ཐག་རེ་སྒུག་གི་མཚོ་མོ་སྔོ་ལྟེམས་མེར་འཁྱིལ་བའི་ངོགས་གཉིས་ཀྱིས་བསྐལ་ཡང་ལོ་ཟླའི་བྱེ་ཐང་དུ་སྐོམ་གདུང་གི་ཆུ་ཚན་ལྷོག་ལྷོག་གདུས་པ་ནས། སླེབས་ལ་ཉེ་བའི་འཛོམས་ཆད་ཀྱི་ཉི་འོད་མིག་གི་མདངས་སུ་འཕྲོ།སེམས་ཀྱི་བྱང་ཐང་དུ་གྲང་བའི་ངོ་གདོང་ལ་བསེགས་ནས་འཕྲོས་པའི་ཉི་འོད་ལྟ་བུའི་གསེར་གྱི་ལྷ་དར་ཡུག་གཅིག་གི་དབང་གིས།ལྷོ་ལམ་ཁ་བས་བཅད་ཀྱང་ཁྱེད་ཀྱི་གམ་ལ་ལྷག་ངེས།དུས་ཚོད་ཀྱི་གཙང་བོས་བར་ཐག་བཟུང་ཡང་ཁྱེད་ཀྱི་ཉེ་སར་སེམས་ཀྱིས་ཉུལ་ངེས། གངས་ལ་ཉི་འོད་འཕྲོས་པའི་གསེར་གྱི་ཅོད་པན། ཡིད་ཆེས་ཀྱི་སྙེ་མ་ལྗིད་ཏིག་གེར་སྨིན་པའི་བདག་གི་གསེར་མདོག་གི་སྟོན་ཟླ་བརྒྱད་པ། མུན་པའི་གོང་ཁ་ན་འོད་དུ་འཚེར་བའི་མར་མེ་ཚེ་འབར། ཡབ་མེས་ཀྱི་གླེགས་བམ་ལ་བབས་པའི་གསེར་གྱི་ཡིག་ཆུང་། ཤམ་བྷ་ལའི་དག་ཞིང་གི་ལམ་ཡིག་གསེར་བྲིས་མ། མེས་པོའི་བྲག་སྟོད་དུ་མཚམས་སྤྲིན་ཐོང་ལ་འཛིན་པའི་རྒོད་པོའི་གཤོག་སྣེ་ལ་བབས་པའི་གསེར་གྱི་ཞུན་ཐིགས། འཇམ་མཉེན་མེ་ཏོག་གི་འདབ་མས་གདུག་རྩུབ་ཀྱི་རལ་གྲིའི་དངོ་ལ་ཡང་ཡང་གླན་པའི། ཕྱོགས་ཕྱོགས་སུ་གཟེངས་པའི་འགྲོ་བ་མིའི་དྲག་སྤྱོད་ཀྱི་ཚེར་མདུང་དེ་དག་རྙི་མོ་ལག་པས་སྐྱོར་བའི། ཚ་བས་འབར་གྱིན་པའི་ཡུལ་མྱ་ངན་ཐང་གི་གས་སྲུབས་ལ་བབས་པའི་ཆར་བའི་ཐིགས་པ་ཇི་བཞིན། མི་རྐྱང་རྟ་རྐྱང་གི་སྐྱ་མི་དེའི་རྒྱབ་གཟུགས་ཀྱིས་ངའི་མཐོང་ལམ་འཕྲེད་ཀྱིས་བཅད་ནས། སྤྲིན་དཀར་གྱི་རྒྱབ་དར་རིང་མོ་རི་བོ་ཧི་མ་ལ་ཡའི་ཡང་རྩེ་རུ་ཤམ་བུར་གཡོ། སྐྱེ་འགྲོའི་ལུས་ཀྱི་ཕྱི་ནང་དུ་དགུན་ཁ་དེའང་འདར་ཙམ་གཡོ་ཙམ་གྱིས། འཁྱག་རོམ་དག་ཀྱང་དྭངས་ས་ལེར་འདྲིལ་ནས་ཉི་འོད་ཀྱི་པང་དུ་ལྷུང་ལྷུང་བཞུར་ཞིང་། སྨུག་པའི་གཡོག་པའི་རི་བོ་ཡོད་ཚད་ཀྱི་ཚུལ་འཆོས་བརྫུ་བག་གི་གྲ་ཁ་བསྣོགས་ནས་རྨི་ལམ་ལས་དཀྲོགས་པའི་མཁར་རྔ་སིལ་སིལ་དཀྲོལ། སྒྱུ་མའི་ལྟད་མོ་དང་འཕྲུལ་སྣང་གི་རི་མོ།སྨུག་ལོང་གི་མེ་ཏོག རྨི་ལམ་གྱི་བུ་ཆུང་སྙིང་ལ་རྗེ་བོ། སྣང་ལ་མ་ངེས་པ་འདི་དག་རལ་བར་གྱུར་རྗེས་ཁྱེད་རང་བདེན་པའི་སྣུམ་ཞག་ཙར་ཙར་གྱིས་འབུས་ཡོང་། འགྲོ་བའི་སེམས་ཀྱི་ཞིང་ས་རུ། སྙིང་རྗེའི་ཉི་འོད་ཀྱིས་བསྐྱངས་ནས། གཞན་ཕན་ཆུ་ལུད་ཀྱིས་གསོས་ཏེ། ལྗང་ནེམ་ནེམ་གྱིས་འབུས་ཡོང་། བྱམས་དུང་དུང་གིས་འབུས་ཡོང་། དཔྱིད་ལ་རེ་བའི་ལྗང་མདོག་གིས་འབུས་པའི་ཁྱེད་ནི་སྟོན་ལ་འཕྲིན་ལས་གསེར་མདོག་གིས་སྨིན་ཞིང་གྲོལ། སྐྱེ་འགྲོའི་སྐད་ཅིག་མའི་འཛུམ་ཟེར་ཉི་ཚེ་བའི་ཕྱིར་ཏུ་སྡུག་གི་མིག་ཆུ་དང་འབད་པའི་ཚེ་སྲོག་བསྟིམས་པའི་བདག་སེམས་དཔའ་ལགས། གྲང་རླུང་གིས་ཁ་ཤུ་བཏབ་ཅིང་ཁ་བ་ནག་པོ་སྨྱོ་ཧམ་གྱིས་གཏོར་གྱིན་པའི་དགུན་གཞུང་འདི་རུ་དྲོད་མེ་སྟག་ཙམ་ཞིག་རླུང་གིས་ཁུར་ཡོང་བ་དེ་ཁྱེད་རང་ལགས། ཁྱེད་ཀྱིས་མི་སེམས་ལ་བཏབ་པའི་ལྕགས་ནག་གི་ཕུར་བ་ཟུར་གསུམ་གླིང་དགུ་དག་དྲུངས་ནས་ཕྱུང་སྟེ། མི་སེམས་སུ་དཔྱངས་པའི་འཛིང་ཞིང་བསྣོལ་བའི་ལྕགས་ཀྱི་དྲྭ་བ་ཡོད་ཚད་དུམ་བུར་དུམ་བུར་བཅད་དུས།འཆམ་མཐུན་དང་དཀྱེལ་ཡངས་ཀྱི་ཉི་འོད་ཀྱང་རང་བྱུང་མཛེས་སྡུག་གི་དབྱངས་ལ་ཐོགས་ནས་སེམས་དང་སེམས་པའི་ཉིན་སྲིབ་ལ་ཁད་ཀྱིས་འཕྱོ་མགོ་བརྩམས་ཤིང་། བསིལ་རླུང་དག་ཀྱང་བརྩེ་སེམས་ཀྱི་འོ་སྤྲི་ཁུར་ནས་སྐྱེ་དགུའི་ཕྱི་ནང་གསང་གསུམ་ལ་གཡོ་ཞིང་ལྡང་བར་བྱེད། དེ་དུས་གསེར་གྱི་ལྷ་དར་ཡུག་གཅིག་གིས་ས་ཡི་གོ་ལ་ཟླུམ་པོ་ཕྱི་ནང་མེད་པར་བརྩེ་སེམས་དང་སྙིང་རྗེའི་དྲོད་ཀྱིས་གཡོག་ཅིང་མི་ཡི་ཁྱིམ་གཞི་ཆུང་ཆུང་འདི་འཆམ་མཐུན་དང་ཞི་བདེ་ཡི་བཙན་རྫོང་ཞིག་ཏུ་བསྲུངས་ནས་ཡོད།  

    མི་རྣམས་ཀྱི་མགོ་བོ་མལ་སྟན་ལ་འབྱར་ནས་སྨག་ནག་གི་མཚན་མོ་ཞིག་ཕར་ལ་བསྐྱལ་རྗེས་རེ་བའི་སྐྱ་རེངས་ཚུར་ལ་བསུས། རྒྱང་རིང་བའི་ཤར་ཕྱོགས་ཀྱི་གནམ་སའི་མཐའ་ནས་ཉི་ཟེར་གྱི་རྡུལ་ནི་ལང་ལོང་འཁྲུགས། བཀྲ་བ་གངས་ཀྱི་རི་ལ་གསེར་གྱི་ལྷ་དར་ཡུག་གཅིག་འཕྲེད་དུ་འཐེན་པས། མུན་ནང་ཁེར་རྐྱང་གིས་འཁྱར་ཞིང་། ས་གཞི་དང་དེའི་པང་གི་ཚེ་སྲོག་ཡོད་དོ་ཅོག་འཁྱགས་རེངས་སུ་འགྲོ་བར་མ་བཟོད་པར་ཞག་མ་གཅིག་ལ་ས་ཆེན་པོར་ཤ་མཆིན་གླན་པའི་རི་བོའི་ཟོམ་ལ་ལྷུང་བའི་སྤྲིན་པ་དཀར་བོང་བོང་དེ་དག་ལང་ལོང་གིས་འཕྱོ་བར་བརྩམས་ཤིང་། མི་རྣམས་ཀྱི་ཉོབ་ཅིང་དུབ་པའི་མིག་མདངས་ཡོད་ཚད་སངས་པར་གྱུར་ཏེ་སེམས་པའི་ངོས་སུ་འཐོར་བའི་རྨི་ལམ་གྱི་ཆག་རོ་དག་སླར་ཡང་བསྒྲིགས་ནས་ཉིན་མོ་གསར་བ་ཞིག་གི་རྒྱང་བསྐྱོད་ལ་སྟ་གོན་བྱས་བྱུང་། བྱེའུ་དེ་དག་ཀྱང་ཀྱུར་ཀྱུར་གྱི་སྐད་སྙན་སྒྲོག་ཅིང་ཉི་འོད་ཀྱི་པང་ལ་གཤོག་འགྱུ་གློད། ཟིལ་བ་ཁུར་བའི་མེ་ཏོག་དང་རྩི་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གྱིས་གཡོ་ཞིང་ཆུ་ཕྲན་གྱ་གྱུ་ཡིས་ཤག་ཤག་གི་བཞུར་སྒྲས་སྐྱེ་འགྲོའི་གསོས་སུ་འབབ། ནགས་ཚལ་སྟུག་པོའི་གསེབ་ཏུ་གསར་དུ་འབུས་ཀྱིན་པའི་ལོ་མ་ཡོད་ཚད་ཀྱིས་མེ་ཏོག་གི་ས་བོན་སྦྲུམ་ནས་འཛུམ་དམུལ་དམུལ་བྱེད་ཅིང་འབུ་སྲིན་དག་གིས་ཀྱང་གཤོག་པའི་སྒྲ་དབྱངས་ཀྱིས་བཏེགས་ཏེ་འཕུར་ལྡིང་གི་གར་ལ་འགྲོ། རི་རབ་ལྷུན་པོ་དག་ནི་ཁུ་སུམ་པའི་སྨོན་འདུན་གྱིས་གདན་ལ་བཞུགས་ཤིང་གསོལ་ཇ་མཆོད། འདི་ནི་ལོ་ངོ་སྟོང་གཉིས་ཀྱི་ཡར་སྔོན་གྱི་ཞོགས་པ་ཞིག་སྟེ་ལྷ་རི་གྱང་ཏོའི་འགྲམ་དུ“རི་རབ་ལྷུན་པོ་ཡང་དགའ་དུད་དུད། ཤིང་སྡོང་བོ་ཡང་བང་ཐང་ཐང་། ཆབ་ལི་མ་ཡང་དངོ་སིལ་སིལ། གོར་ཕ་བོང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གིས་ཕྱག་བྱས”པའི་ཞོགས་པ་དེ་ནི་མི་ལོ་སྟོང་གཉིས་འདས་པའི་དེ་རིང་བསྐྱར་དུ་འཁྲབ་ཅིང་གསོན་པ་དང་ཀུན་ནས་མཚུངས།

 གངས་ཀྱི་རི་ལ་གསེར་གྱི་ལྷ་དར་འཐེན་པའི་བར་གླགས་འདིར། རྔོན་པའི་རྙི་དང་ཇག་པའི་རྒྱ། ཕྱོགས་ལྷུང་གི་དྲྭ་བ། འདོད་སྲེད་ཀྱི་མེ་ལྕེ་དེ་དག གནམ་རིམ་པ་བཅུ་གསུམ་གྱི་ཡང་སྟེང་དུ་གཡུག་ཅིང་ས་རིམ་པ་བཅུ་གསུམ་གྱི་དོང་ཞབས་སུ་མནན་པས། ད་ནི་ཚེ་སྲོག་ཡོད་ཚད་ཀྱི་མགོ་ཐོག་ན་ནམ་མཁའ་ཁོ་ན་ལྷག་ཅིང་མིག་མདུན་ན་ལམ་དང་རི་བོ་ཁོ་ན་ལུས་འདུག

   རྒྱང་རིང་ནས་ལག་གཡས་ཐོད་ལ་ཀེར་ན་འཇའ་ཚོན་གྱི་རི་མོ་ལྟ་བུའི། ཉེ་ནས་ཉེ་རུ་བཅར་ན་མིག་གིས་འཛིན་ཞིང་སེམས་ཀྱིས་རེག་པའི། སེམས་ཀྱི་ར་བ་མ་ལུས་བརྒལ་ཤུལ་ན་མདའ་མདུང་གི་རྩེ་མོ་ཡོད་ཚད་ནུབ་པར་གྱུར་བའི་འཇམ་ལ་མཉེན་པའི་གསེར་གྱི་ལྷ་དར། ལྷོ་སྤྲིན་བྱང་དུ་འཐིབས་ནས་བྱང་གི་ཙན་དན་དམར་པོ་མེ་རུ་འབར་དུས་ཚ་བའི་མེ་དཔུང་གི་མཁའ་རུ་ངར་སྐད་ཀྱིས་ལྡིར་བའི་འབྲུག་སྒྲ། ས་ཆེན་གྱི་གཡོ་སྐྱོམ་ཁྲོད་མཐོ་ནས་མཐོ་རུ་འཕགས་པའི་ཧི་མ་ལ་ཡི་རི་རྩེ་རུ་བསླངས་པའི་འགྲོ་བ་མིའི་རིགས་ཀྱི་ཉམ་ཐག་གི་ཚེ་སྲོག་ཁོ་ནས་གཙག་ཅིང་དྲུབ་པའི་བདེན་ལུགས་ཀྱི་དར་ཆ། ལོ་རྒྱུས་ཀྱི་རྡོ་བའི་རྩིག་ངོས་ལ་བཞད་པའི་མེ་ཏོག་གི་ཞིང་ཁམས།

དགུན་གཞུང་གི་མེ་ལྕེ། 

   ནམ་ཟླ་དགུན་ལ་སླེབས་དུས། ང་ཚོ་ཡིས་མི་ཡུལ་གྱི་བྱང་ཐང་འགྲིམས་དགོས་བྱུང་སོང་། ཁ་བ་དང་བུ་ཡུག་ཁོ་ན་ལྟོ་རྒྱབ་ལ་རེ་བའི་མི་ཡུལ་གྱི་ལུང་པ་འདི་རུ་རང་རེ་ནི་ངུ་སྐད་ལྷང་ལྷང་གིས་གཅེར་བུར་སླེབས་ཤིང་ལག་པ་སྟོང་སྟོང་གིས་གཅེར་བུར་འགྲོ་དགོས་པའི་མགྲོན་པོ་སྙིང་ལ་རྗེ་བོ་དེ་ཡིན་ཨང་། མི་སེམས་ལ་བརྩེ་བའི་ཐན་པ་ཐོན་ཞིང་འཛུམ་མདངས་མཐའ་དག་འཁྱགས་རེངས་སུ་གྱུར་བའི་དགུན་ཟླའི་རླུང་དམར་འུར་འུར་གྱི་ཧྲག་ནས།དཔྱིད་ཟླ་དམར་ནག་མ་ཞིག་ལ་རྟོག་བཟོ་བྱས་ཤིང་རྨི་ལམ་གྱི་སྣེ་མོ་དེ་རུ་འཁྲིལ་བས། འགྱེལ་སླ་བའི་ང་ཚོ་འགྲེང་དགོས་པའི་གནས་ལུགས་ཤིན་ཏུ་མང་ལ། རུས་སྦལ་ནུར་འགྲོས་ཀྱི་གོམ་ཁ་གློད་མི་ཐུབ་པའི་རྒྱུ་མཚན་སྟོང་ཕྲག་གདའ། དགུན་གཞུང་འདིར། རུས་རྐང་གཟེར་བའི་གངས་འཁྱག་གིས་མིག་ལམ་གྱི་སྐར་ཚོགས་དང་རི་ཆུ་འདི་དག་ཁོང་འདར་རྒྱག་དུས། དྲོད་མེ་སྟག་ཙམ་ཞིག་བདག་ལ་སྟེར་བ་ཁྱེད་རང་ཁོ་ན་སྟེ།  འཁོར་བའི་དགུན་གཞུང་དུ་རྒྱང་རིང་རྒྱང་རིང་ནས་ལམ་ལམ་འབར་བའི་མེ་ལྕེ་ལགས། ང་ཚོ་རེ་རེ་བཞིན་ཁེར་རྐྱང་ཡིན་པས། འཛིང་ཞིང་བསྣོལ་བའི་ལམ་བུ་རེ་རེ་སྣེ་མོ་གཉིས་སུ་གྱེས།  འཁོར་བའི་ཐང་ཆེན་གྱི་དགུན་ཟླ་གསུམ་ལ།  ཆོས་ཉིད་ཀྱི་རླུང་བུས་འུ་ཅག་གི་འདང་བརྩེའི་ཟེའུ་འབྲུ་དང་གཞུང་རྟ་ས་ལ་གཏོར་ཏེ།  རྙིད་པར་གྱུར་བའི་ལོ་འདབ་དག་རྒྱུས་མེད་ནས་རྒྱུས་ཡོད་དང་དེ་ནས་སླར་ཡང་རྒྱུས་མེད་ཀྱི་ལམ་ཁར་ཡེང་ཡེང་བོར་འདེད་སྲིད་ནའང་། དགུན་གཞུང་ལ་རླུང་བུ་དྲག་ཏུ་ལྡིང་བའི་མཚན་མོ་རེ་རེར། ཕྱོགས་བཞི་ནས་འཚང་འོངས་པའི་ནག་རོག་རོག་གི་མུན་པ་དང་འཁྱག་སིབ་སིབ་ཀྱི་ལྷིང་འཇགས་རེ་རེ་གོས་སུ་གྱོན་ནས། རྡོ་བའི་གློ་མཆིན་དང་ཚེར་མའི་ཡན་ལག་དག་གི་ཁ་གཏད་དུ་བསྡད་དེ།  རྒྱང་རིང་ན་ལྷབ་ལྷུབ་འབར་བའི་མེ་ལྕེ་ཁྱོད་ཁོ་ན་རང་ཁྱིམ་ཡིན་པའི་གསོལ་འདེབས་གྲངས་མེད་བྱས། འཛུམ་གྱི་མེ་ཏོག་བྲིས་པའི་གདོང་འབག་གི་བརྩེགས་རིམ་མཐུག་ནས་མཐུག་ཏུ་བྱིན་པའི་རྒྱབ་རོལ་ན་མཆེ་བ་དཀར་སིང་ངེར་བཙུགས་ཤིང་། དད་འདུན་དང་སྙིང་རྗེའི་ཕྱག་རྒྱ་སྙིམ་པར་བཅོས་ནས་སྙིང་ཁར་ཡང་ཡང་སྦྱོར་མོད། ཧམ་སེམས་ཀྱི་སྡེར་མོ་ཤ་གསེང་སྤུ་གསེང་ན་བསྐུངས་པའི་མི་དང་གཅན་གཟན་འདི་ཚོ་ཉིན་ཞག་རེ་རེའི་རྒྱུ་སྤུན་བྱས་ཏེ་དགུན་ཟླ་ཞིག་བཙེམ་ནས་གྲུབ་ཡོད། ང་ནི་དགུན་ཟླའི་མཚོ་མོ་དེའི་དཀྱིལ་དུ་ལྷུང་བའི་སྲིན་འབུ་མགོ་ནག་དེ་ཡིན་པས། ཤ་རུས་བྲང་གསུམ་འཁྱག་ལ་འབྱར་ནས་ཚེ་ལོ་དཔག་མེད་དུ་འཛད་པ་མེད་པའི་སྡིག་སྒྲིབ་ཀྱི་བུ་ལོན་ཁུར་ཡང། དོན་ལྔ་སྣོད་དྲུག་ཁོ་ན་བཟི་འཐོམ་འཐོམ་ངང་བྲང་ཁོག་ལ་བཅུག་ཏེ་སྡོད་དགོས་བྱུང་ཡོད། ཞོགས་པ་རེ་རེར་དབང་ཕྱོགས་ཀྱི་ས་འཛིན་མཐོན་པོའི་རྩེ་རུ་མཚམས་སྤྲིན་གྱི་ཁུད་དུ་དམར་སྨུག་གི་ངོ་གདོང་ཡང་ཡང་བྱོན་པ་ནས། བདག་གིས་ཁྱེད་རང་དྲོད་ཀྱིས་བརྒྱན་ཏེ་ཕེབས་འོངས་པའི་མེ་ལྕེ་ཞིག་ཡིན་པའི་བདེན་པ་ཞིག་ལ་ཡིད་ཆེས་རྙེད་ཡོད། དགུན་གཞུང་འདིར་ཁྱེད་རང་བདག་དང་ལུས་སེམས་ཀྱི་བར་ཐག་རྨང་ནས་བསྐུམ་ཏེ་སྙིང་གི་འཕར་སྒྲའང་ཐོས་ཐུབ་ས་ནས་མེ་ལྕེའི་ཟོལ་གྱིས་འབར་བས། ཟུངས་ཁྲག་གི་རླབས་རྒྱུན་ཡང་མོ་ཞིག་ཁད་ཀྱིས་སྐྱོམས་ཤིང་གཡོ་བ་ཚོར། ནམ་ཟླ་དགུན་ལ་ཐོན་དུས། ང་ཚོ་ནི་ཕན་ཚུན་གྱི་མེ་ལྕེ་ཚོམ་བུ་ཞིག་ཏུ་བྱས་ཤིང་སྒོམ་ཆོག་སྟེ། ཉམས་མངའ་ཉག་ཕྲའི་ཚེ་སྲོག་རེ་རེ་དྲོད་དང་འོད་ཀྱིས་དྲོས་ཤིང་སྐྱོངས། ཝུ་བ་སོབ་སོབ་ཀྱི་འཇིག་རྟེན་སྣང་བ།

འཕྲུལ་སྣང་དང་རྟོག་བཏགས་ཀྱིས་བཞེངས་པའི་བར་ཐག་ནི་ཆུ་བུར་སྟེང་གི་མཛེས་སྡུག་གི་འཇའ་ཚོན། མགོ་ཆེ་མཇུག་རྡུམ་གྱིས་བརྟས་ཏེ་འོངས་ཤིང་རྒྱུ་མེད་རྐྱེན་མེད་དུ་ཡལ་ཏེ་འགྲོ་བའི་སྣང་ལ་མ་ངེས་པ་འདི་དག ལོ་ཟླའི་རྩིག་ངོས་ལ་བཀལ་བའི་ཆུ་ཚོད་ཀྱི་མདའ་ཁབ་ལས་ཤོར་ཏེ་འགྲོ ཉི་མ་སྤྲིན་ནག་གི་ཡོལ་བར་བསྙེས་ནས་གྲིབ་མ་ཁོ་ན་མི་ཡུལ་དུ་བཞག མེ་ཏོག་མགུལ་རྒྱན་དུ་དཔྱངས་པའི་དབྱར་ཟླ་དྲུག་པ་ང་ཚོ་དང་རྒྱང་ཐག་རིང་ཡ་རྒྱང་ཐག་རིང་། རྫ་རོག་རོག་གི་ཟུར་ཁར་ཁེར་རྐྱང་དང་གྱེས་བྲལ་གྱི་བུ་ཡུག་བསྣོལ་མར་བསྡེབས་དུས།  ཁྱེད་རང་ཁོ་ན་བདག་གི་ཕྱོགས་བཅུ་དང་དུས་གསུམ་ནས་དྲོད་དང་འོད་ཀྱིས་འབར།   ང་ཡི་མུན་པའི་ཁྲོད་ཁྱེད་རང་འོད་ཀྱིས་བསྒྲོན། ང་ཡི་གྲང་བའི་གདོང་དུ་ཁྱེད་རང་དྲོད་ཀྱིས་འབར། དམར་ཐག་ཆོད་པའི་ཉི་མའི་མིག་ཟུང་ནུབ་རིར་བསྙེས་ཤིང་།དགུ་ཚུགས་ཀྱི་གཙང་བོ་བྲུགས་པའི་འདམ་རྫབ་དུ་ལྷུང་བའི་སྐར་མའི་ཚོགས་ནི་གནམ་གྱི་མཐའ་ལ་རླབས་ཀྱིས་དེད། ཆར་སྤྲིན་ནག་པོའི་ལྕགས་མཁར་སྒོ་མེད་ཀྱི་དོང་ལ་ལྷུང་བའི་ཚེས་རིས་མག་མོག  ལོ་ངོ་སྟོང་ལ་སྡིག་སྒྲིབ་ཀྱི་ཁ་བས་མནན་པའི་རི་ཆུ་ནགས་གསུམ། བདག་གི་སྒོ་དང་སྒེའུ་ཁུང་དག་ཀྱང་མུན་པ་དང་གྲང་བས་རྡེག་གིན་པའི་བར་གླགས་འདིར། བདག་གི་གློ་སྙིང་གི་ཉེ་སར་ལྷབ་ལྷུབ་འབར་བའི་མེ་ལྕེ་འདི། མཚན་ཞག་སྟོང་ལ་ང་རང་དྲོས་ཤིང་དྲོ་བའི་གཏམ་རྒྱུད་ཆིག་སྟོང་ཡིན། སེམས་པའི་ཉིན་སྲིབ་ལ་ཁ་བ་བབས་ན་ང་ཡིས་དགའ་སྐྱོ་ཆགས་སྡང་གི་ཡིག་འབྲུ་རེ་རེ་བུད་ཤིང་བྱེད་ཆོག་པའི་མེ་ལྕེ།  མིག་གི་མདུན་རྒྱབ་ལ་གྲིབ་མ་འཁོར་ན་ང་ཡི་ལན་ཆགས་ཀྱི་གཏོར་མ་ཐལ་བར་འཕངས་ཆོག་པའི་མེ་ལྕེ། ལུས་ངག་ཡིད་གསུམ་ངལ་ཞིང་དུབ་དུས་དུས་རབས་ཀྱི་ཁྲེས་པོ་དག་ལྗིད་ཏིག་གེར་བཞག་ཆོག་པའི་མེ་ལྕེ། ཕྱོགས་བཞི་མཚམས་བརྒྱད་ནས་འཚང་འོངས་པའི་སུན་སྣང་གི་ཡལ་ག་རེ་རེ་བསྲེག་ཆོག་པའི་མེ་ལྕེ།

  ང་ཡི་དུས་གསུམ་གྱི་མེ་ལྕེ། དགུན་གཞུང་འདིར་བདག་གི་ཁང་མིག་ལ་དྲོད་ཁོལ་བསྐྱིལ་བའི་མེ་ལྕེ་ལགས། མུན་པའི་ཁྲོད་འོད་ཀྱི་གཤོག་པ་ཡུག་ཡུག་རྐྱོངས། གྲང་བའི་གསེབ་དུ་དྲོད་ཀྱི་མེ་སྟག་ཚ་ཚ་འཕྲོ།

ང་དང་ངའི་ཕ་ཡུལ།

   ཡུལ་གྱར་གྱི་རྣམ་ཤེས་ལྡོམ་པོ་ཞིག བསྐལ་བ་སྟོང་ལ་བསགས་པའི་སྡིག་སྒྲིབ་དེའི་རྣམ་སྨིན་གྱིས། ལུང་པ་བྱང་ལྟ་འདི་རུ་ཁ་བ་བཞིན་བབས་པས། ཕ་ཡུལ་གྱི་འབྱུང་བཞི་ལ་འདི་ལྟར་འཐིམ་པར་གྱུར། དེ་ནས་བཟུང་། ཟླ་འོད་ཀྱིས་ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་བརྟོལ་ནས་ང་ཡི་མིག་ལ་ཤམ་ཤམ་འབབ་ཅིང་། སྐར་ཚོགས་ཀྱང་ཕ་ཡུལ་གྱི་ཕྱག་ཟུང་ལས་འདྲིལ་ཏེ་ང་ཡི་པང་ལ་སིལ་སིལ་ཐོར། སྐྱེས་དུས་མིག་ལ་འཁོར་བའི་ལུག་ཁྱུའི་སྤྲིན་དཀར། སུ་རུའི་མེ་ཏོག་གི་མངའ་ཐང་རྒྱས་པའི་རྫ་སིལ་འདིའི་ལང་ཚོ་ཡིན། སྤྲོ་སྐྱིད་ཀྱི་རྡེའུ་འབུམ་སྤུངས་པའི་བྱིས་པ་ཚོའི་རྨི་ལམ་དང་རེ་སྨོན་གྱི་འཇའ་ཚོན། སྦྲ་ནག་གི་ཁ་ཚུབ་ལས་ཁ་བཏགས་ལྟ་བུའི་གངས་ལ་འཐེན་ཡོད། དད་འདུན་གྱི་མཆོད་མེ་ལམ་ལམ་འཚེར་བའི་ངོགས་སུ་རིགས་དྲུག་གི་སྐྱིད་སྡུག་འཁོར་ཡོད། 

   རླུང་བུ་བསིལ་བསིལ་དག་རི་གླུའི་འགྱུར་ཁུགས་དང་བསྡེབས་ནས་རྣམ་ཤེས་ཚོགས་དྲུག་གི་དགའ་སྟོན་ལ་སྨིན་དུས། ང་ནི་དུས་རབས་ཀྱི་ཁྲེས་པོ་ལྗིད་དྲག་པའི་ཨ་སྐྱོ་བ་ཞིག་སྟེ། ཕ་ཡུལ་ཁོ་ནའི་ཕང་བ་རུ་ངལ་གསོའི་དབུགས་དབྱུང་ཐོབ། དྲན་གདུང་གི་ཐང་ཆེན་རེ་རེ་རྔམ་པས་བཅད་ནས་ཕ་ཡུལ་གམ་ལ་ལོག་ཐེངས་རེ་དང་སྐྱོ་སྣང་གི་རླུང་བུ་འགམ་གྱིན་འཁྱར་འཁྱོར་གྱི་གོམ་འགྲོས་རྒྱང་ལ་བསྒྱུར་ཐེངས་རེ་རེར། ས་ཆེན་གྱི་ཟེ་བར་འཐམ་པའི་ཕ་ཡུལ་གྱི་ཁུ་སུམ་པའི་མཚན་ལྗོངས་རེ་རེ་དང་། བྱང་ཐང་གི་རྡོ་བ་ལྟར་འཁྱག་པའི་ཕ་ཡུལ་གྱི་ཉི་འོད་མཐའ་དག ང་ཡི་གློ་མཆིན་གྱི་ཧྲག་ན་འཚང་ཁ་ཤིག་ཤིག་བྱེད། སྨུག་པའི་ཁྲོད་ཀྱི་སྒམ་བརླིང་གི་རི་ཚོགས་དེ་དག་ཡབ་ཆེན་གྱི་རྒྱབ་གཟུགས་བཞིན། འཁྱག་ཤི་ཐེབས་པའི་སེམས་པ་གྲངས་མེད་འདར་སིག་སིག་གིས་བསྙེས་ཆོག་ཨང་། ཁུ་བྱུག་དང་མེ་ཏོག་གི་དག་ཞིང་དུ། ལྷུང་ལྷུང་འབབ་པའི་རྫ་ཆུ་བསིལ་མར་སེམས་པ་དང་མཆུ་འདབས་ལྷན་ཅིག་སྦྱར་ན། ཚེ་ལོ་དཔག་མེད་དུ་མིག་ཟུང་བཙུམ་ནས་སེམས་པ་འདི་ཡོངས་སུ་བརླན་ན་སྙམ། ཆར་བ་བབས་རྗེས་ཀྱི་དྭངས་གཙང་གི་ཞོགས་པ་རེ་རེ་བྱེའུ་སྐད་གྱ་གྱུ་ཡིས་དཀྲོགས་ལ། མཐིང་མདོག་གི་ནམ་མཁར་སྤྲིན་དཀར་གྱི་འདབ་མ་གཡོ་ཞིང་གཡུ་སྔོན་གྱི་འཛིན་མར་རྩྭ་ལྗང་གི་རྦ་རླབས་འཕྱུར་དུས། ངུར་སྨུག་གི་ངོ་གདོང་རེ་རེར་ཉི་འོད་ཀྱི་བྱབས་ཁྲུས་ཐོབ་ཅིང་འཛུམ་དཀར་གྱི་བསིལ་ཆར་འཇོ།

   ང་ཡི་ཨ་ཕ་རྫ་རོག་རོག་གི་ཟུར་ཁར་འགྲེང་ནས། གནས་འདིའི་ཡུལ་ལྷ་གཞི་བདག་ལ་ཀི་སྭོ་ལྷ་རྒྱལ་གྱི་འབོད་པ་གཏོང་ཞིང་བསང་དུད་སྔོན་མོ་གཡས་སུ་འཁྱིལ་བས། ཕ་ཡུལ་དང་ཨ་ཕ་ངོ་བོ་དབྱེར་མེད་དུ་འདྲེས་ནས་དགྲ་འདུལ་གཉེན་སྐྱོང་གི་འཕྲིན་ལས་ལ་གཞོལ། ང་ཡི་ཨ་མས་གནས་འདིའི་རི་ཆུ་ནགས་གསུམ་ལ་དད་པའི་བརྐྱངས་ཕྱག་འཚལ་ཞིང་སྨོན་པའི་གསོལ་འདེབས་བྱས་པས། ཕ་ཡུལ་དང་ཨ་མ་གཞི་གཅིག་ལ་འཐིམ་ནས། དྲོད་འཇམ་གྱི་རུམ་ཁ་རུ་བུ་རབས་ཚ་རྒྱུད་འདི་དག་རྩེད་དགོད་ཀྱིས་འཚར་ལོངས་བྱུང་ཞིང་རླུང་རྟའི་རྟ་རྒོད་རྒྱུག ང་ཡི་ཕུ་ནུ་ལྕམ་སྲིང་དག་གིས་གནས་འདི་རུ་མེ་ཕུང་གི་མཐའ་རུ་འདུས་ཏེ་ལག་པས་སྤྲིན་པ་དཀྲིགས་ཤིང་རྡོག་པས་ས་ཆེན་མནན་པས། ཕ་ཡུལ་དང་ཕུ་ནུ་བརྙན་ཡོལ་གཅིག་ཏུ་གྲུབ་ནས། རྒྱང་རིང་བའི་ཤམྦྷ་ལ་དང་བདེ་བ་ཅན་བཤམས་སྟོན་བྱེད། 

   ཕ་ཡུལ་ནི་ཕ་མ་དང་ཕུ་ནུ་ཡིན་ཨང་།

   ཕ་ཡུལ་ནི་ཉི་མའི་མཐའ་མཇུག་གི་ཕྱིར་མིག་ལུས་པའི་བྲག་ཐེམ་དེ་ཡིན། རྒོད་པོ་དག་གི་ཐོག་མའི་སྨོན་འདུན་དང་མཐའ་མཇུག་གི་ཚང་མལ་དེ་ཡིན། སྒོ་ཁྱི་ཟུག་པའི་གཅོང་སྐད་རླུང་གིས་ཁུར་ནས་རྒོད་པའི་རྨི་ལམ་གྱི་སྒྲོ་གཤོག་སྒུལ་གྱིན་འདུག  ཕ་ཡུལ་ནི་རེ་སྒུག་དང་འཁྲེང་ཞེན་གྱི་ཁུག་ཀྱོག་དེ་ཡིན། ཕར་འགྲོ་རྗེས་ནས་སྐྱེལ་མ་དང་ཚུར་འོང་སྔོན་ནས་བསུ་མ་གནང་སའི་ས་ཚིགས་དེ་ཡིན། ཚར་དཀར་གྱི་གོང་ཁ་སྨྲེང་སྐྱོའི་མཆི་མས་བརླན་པའི་སྨན་ཤར་ཞིག བག་རྟ་གྲོ་ཁྲའི་སྒ་གོང་ནས་ངུ་བཞིན་ངུ་བཞིན་ཁུག་ཀྱོག་འདི་ལས་གནས་ཡུལ་འགྲིམས་ལ། མེ་མདའ་རྭ་རིང་ཁུར་བའི་མི་ཕོ་དཔུང་རྗེན་ཞིག  ཇག་རྟ་ཁམ་པ་རྔོག་རིང་གོང་ནས་དཔའ་སྤོབས་ཀྱིས་འཕྱོ་བཞིན་འདི་ནས་ཇག་ལ་བུད་སོང་། བཀྲེས་སྐོམ་ལྟོ་བ་སྒལ་བར་འབྱར་ནས་ལྡུམ་ཐུག་ཚ་བའི་ཕོར་ཁ་རྩོད་པའི་ཨ་སྐྱོ་ཞིག་ཀྱང་ཡུལ་འཁྱམས་བྱས་སོང་།  ཕྱིར་མི་ལྡོག་པའི་ཡུལ་གྱར་རེ་རེའི་དབུ་ཁྱུད་འདི་ནས་བྲིས་ཤིང་། ཡི་མུག་གི་རྨུ་ཐག་ལ་འཇུས་ཏེ་ལན་ཆགས་ཀྱི་སེམས་ངལ་འཁུར་པའི་སྦྱོར་བའང་འདི་ནས་བརྩམས། །

ཡུལ་མི་ཚོའི་སྐྱིད་སྡུག་དང་འགྲོགས་པའི་གཙང་བོའི་འགྱུར་ཁུགས་རྟ་ནག་སྒྲོག་འགྲོས་ཀྱི་རྣམ་ཐར་ཕྱི་མ། ཕ་ཡུལ་གྱི་མཁའ་མཐའ་ཧྲིལ་གྱིས་ཁེབས་པའི་དུད་སྤྲིན་གྱི་ཡོལ་བ། མུན་པའི་ས་སྲོད། ས་མཁྲེགས་ཀྱི་ལྷུ་ཚིགས་གློད་མ་མྱོང་བའི་རྟོགས་བརྗོད་གསེར་བྲིས་མ། ལྷ་སྒྲུང་དང་འཆར་ཡན་གྱི་མཚོ་མོ་ཡོམ་ཡོམ་སྐྱོམས། ཞེན་ཆགས་དང་དྲན་གདུང་གི་ཆུ་ཚན་ལྷོག་ལྷོག་གདུ། ཕ་ཡུལ་ནི་ངག་ནས་བརྗོད་ཐབས་མེད་པའི་དུངས་ཞེན་གྱི་ཐ་སྙད་ཅིག་ཡིན། ཡང་ན་སྲོག་རྩ་རུ་ཟུག་པའི་རྣོ་དབལ་གྱི་ཚེར་མ་དེ་ཡིན།

ཕ་ཡུལ་ཨྰ།  ཁྱེད་ཀྱི་པང་ནས་བྱ་ཁྱུ་དག་རྒྱང་ལ་འཕུར་སོང་། རི་སྐྱེས་ཀྱི་ཚོགས་ཀྱང་མགོ་རྣ་ཀྲོང་ཀྲོང་གིས་རྒྱང་ལ་གཤར་སོང་། ཐ་ན་ཁྱེད་ཀྱི་གཅེས་ཕྲུག་དག་གི་ཐ་ཆུང་དེ་ཡང་རྒྱང་ལ་འཁྱམས་སོང་། ཁེར་རྐྱང་གི་ཁྱེད་ཀྱིས། རྒྱང་ལ་ཡལ་བའི་རྒྱབ་གཟུགས་རེ་རེ་མིག་གིས་སྐྱེལ་དུས། ཁྱེད་ཀྱི་བྱང་ཁོག་ལ་འཁྱག་གྲང་གྲང་གི་ཁ་བ་བབས་བྱུང་ངམ། མིག་ཀོང་ནས་དམར་ལམ་ལམ་གྱི་ཤྭ་འོད་བརྡོལ་བྱུང་ངམ།  


  • ལེ་ཚན་སྔོན་མ།:ཐོག་མའི་བརྩེ་དུང་།
  • ལེ་ཚན་རྗེས་མ།:བར་ཐག