སྟོད་ལྷ་ས་གང་རེད།

འབར་མེ།        2020-08-10

ལྷ་ས་ཟེར་བ་ནི་བོད་མི་བརྒྱད་ཅུ་མན་ཆད་དང་བྱིས་པ་ཡན་ཆད་ཀྱིས་ཤེས་པའི་མིང་ཚིག་ཅིག་ཡིན་ལ། ལྷ་ས་ཟེར་བ་ནི་རྨོ་མོའི་ངག་རྒྱུན་དང་དད་འདུན་གྱི་ཀློང་ན་བཞུགས་པའི་ལྷའི་ཕོ་བྲང་ཞིག་དང་ཁོ་མོའི་མི་ཚེ་འདིའི་ཆེས་དྭངས་མའི་ཡུལ་གྲུ་ཞིག་ཡིན། དེ་དུས་ཤིག་ན་ང་ནི་ཤིན་ཏུ་ཆུང་སྟེ་མཐའ་ན་ཁྱིམ་མཚེས་རུ་བ་ཚང་ལའང་གཅིག་པུར་འགྲོ་བ་དཀའ། སྐབས་དེར་རྨོ་མོ་དང་ཨ་ཕ་ཨ་ཁུ་དག་ལྷ་ས་ཟེར་བའི་ཆེས་རྒྱང་ཐག་རིང་ཤོས་ཤིག་ལ་ཆས་སོང་། ང་དང་ཨ་མ་གཉིས་གཅིག་པུ་བསྡད་ནས་དགུན་སར་ལུས། དུས་ཚོད་ཇི་ཙམ་སོང་བ་མི་ཤེས་ལ། ཉིན་ཞག་ཀྱང་གང་འདྲ་འདས་པ་མ་ཤེས། མཐའ་ན་ནམ་ཡུལ་ལ་ལོག་པའང་གསལ་ཆ་མེད་རྒྱུ་མཚན་ཁ་པར་ཟེར་བ་དང་དྲ་བ་ཟེར་བ་ད་དུང་རྒྱུས་མངའ་མེད་པའི་མིང་ཚིག་ཅིག་ཡིན་པས་སོ།། ཉིན་ཞིག་གློ་རྡེག་ལ་ཁོང་གསུམ་པོ་འབྱོར་བྱུང་། དེ་ནི་རྨོ་མོའི་འཇིག་རྟེན་སྟེང་གི་ཆེས་བདེ་སྐྱིད་ཀྱི་དུས་ཚོད་ཀྱང་ཡིན་སྲིད་ལ་གང་ལྟར་ཉི་མ་གང་མང་ཞིག་ལ། ཕོ་བྲང་གི་རྔམ་བརྗིད་དང་། ལྷ་དང་ལྷ་མོའི་ལོ་རྒྱུས། ལྷ་སའི་མི་ཚོགས་ཀྱི་ཁ་གྲངས་དང་། བར་སྐོར་གླིང་གི་སྤྲང་པོ་དག་གི་རྣམ་པའང་གཅིག་ཀྱང་མ་ལྷག་པར་བརྗོད་སོང་། དེ་དག་ལས་ཀྱང་ཆེས་ཁོ་མོས་གླེང་སྤྲོ་བ་ནི་ལྷ་སའི་ཇོ་ཤཱཀྱ་རྣམ་གཉིས་སྟེ་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ནང་དུ་ཡོད་པའི་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ནི་ཁོ་མོའི་མི་ཡུལ་ནས་མཐོང་བའི་ལྷ་ཆེན་གཉིས་པོ་ཡང་ཡིན་པར་འདུག ད་དུང་སེ་འབྲས་དགེ་གསུམ་གྱི་ཆགས་ལུགས་དང་། ཇོ་བོ་རྭ་མ་རྒྱལ་མོའི་རང་བྱོན་དག་དང་། ད་རུང་ཡང་གླེང་སྤྲོ་བ་ནི་ཨོ་རྒྱན་པདྨའི་སྒྲུབ་ཕུག་བྲག་གཡེར་པ་དེ་ཡང་ཁག་མེད་དེ་མི་ཚེ་འདིར་ཁོ་མོའི་ལུས་ངག་ཡིད་གསུམ་པོ་བླ་མ་གུ་རུ་རིན་པོ་ཆེ་རྐྱང་པར་བཅོལ་བས་ཡིན་སྲིད།

“གནས་བརྡར"ནི་སྐབས་དེ་དུས་ཀྱི་ལྷ་ས་པ་རྣམས་ཀྱི་ལྷ་འཇལ་དང་གནས་འཇལ་གྱི་རྗེས་སུ་གལ་ཆེ་བའི་རིགས་ཤིག་ཡིན། གནས་བརྡར་གྱི་ཕྲེང་བ་མང་པོ་ཞིག་གཏོར་ནས་ངོ་ཤེས་དང་མཛའ་ས་དག་ལ་ལེགས་སྐྱེས་སུ་ཕུལ། སྐབས་དེ་དུས་ཕལ་ཆེར་ལྷ་སར་འགྲོ་མཁན་ལ་སྒོར་མོ་དང་ཁ་དག་ཕུལ་སྲོལ་ཡང་ཡོད་སྙམ། གནས་བརྡར་ནི་ཤིན་ཏུ་གལ་ཆེ་བ་དང་ངོ་ཆེ་བའི་ལེགས་སྐྱེས་ཤིག་ཡིན་ལ་ལྷ་ས་འགྲོ་མཁན་སུ་ཡིན་རུང་དེ་ཁྱེར་ནས་ཡོང་སྲིད། དེའང་མུ་ཏིག་དང་ཕྲེང་བ་སྐེ་བརྒྱན་སོགས་ཡིན་པ་དང་། ཤིན་ཏུ་བཟང་སའི་མི་ལ་ཆ་ཚང་ཞིག་སྟེར་བ་དང་། གཞན་དག་གཏོར་ནས་བྱིན་སྲིད། མི་རེ་ལ་མུ་ཏིག་རེ་རེ་བྱིན་རྗེས་ཁོ་ཚོས་ཀྱང་དད་པ་དང་དགའ་བ་གཉིས་ཀྱི་སྒོ་ནས་བཀའ་དྲིན་ཞུ་ནས། རང་གི་སྐེ་དང་ཕྲེང་བ་དག་ལ་བརྒྱན་སྲིད། ད་ལྟ་དངོས་གནས་བསམ་བློ་བཏང་ན་དེའི་དུས་སུ་མི་རྣམས་ནི་དད་པ་རྐྱང་བའི་ལྷ་ས་ཟེར་བ་དེར་འགྲོ་བར་སྙམ། གང་ལྟར་དེ་དུས་ཀྱི་མི་དག་གི་སེམས་ནས་ལྷ་ས་ནི་ལྷ་ས་སྟེ་དེར་ལྷ་དང་ལྷ་མོ་རྣམ་པ་དང་། ཡི་དམ་ཁྲོ་བོ་དག་བཞུགས་ཡོད། མག་མོག་གི་དྲི་མ་ཡེ་ནས་མེད་པའི་ཞིང་ཁམས་དེ་ནི་སྐབས་དེར་བོད་མི་སུས་ཀྱང་མཐའ་མཇུག་གི་གནས་ཡུལ་ཁོ་ནའོ།། དེའི་དུས་ལྷ་ས་ནི་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་རྒྱལ་ས་ཡིན་པ་མི་ཤེས་ལ། དེར་ལུགས་གཉིས་ལ་དབང་བསྒྱུར་མཁན་གྱི་སྐྱེས་བུ་མང་པོ་བྱོན་པའང་ཕལ་ཆེར་མི་ཤེས། ལྷ་ས་ནི་དག་ཞིང་རྐྱང་བ་ལས་དེ་རུ་དགེ་འདུན་ཆོས་འཕེལ་བཙོན་དུ་བཅུག་པ་དང་ལུང་ཤར་རྡོ་རྗེའི་མིག་གཉིས་བྲུས་པའང་མི་རྟོགས། ད་དུང་བཀའ་ཤག་པ་དག་གི་བཙན་ཤེད་སོགས་དང་། གཞན་ཡང་གདོན་འདྲེ་སོགས་ཀྱིས་ཁ་ལག་བསྐོར་གྱིན་པའང་ཤེས་མཁན་དཀོན། ཁོ་ཚོས་ལྷ་ས་ནི་ལྷ་དང་འདྲེ་གཉིས་པོས་གྲུབ་པའི་ཡུལ་གྲུ་ཞིག་ཡིན་པ་ཤེས་མི་སྲིད།

དེ་དུས་ལྷ་སར་འགྲོ་ཚུལ་ནི་ཧ་ཅང་མང་སྟེ། ཕྱག་འཚལ་ནས་འགྲོ་བ་དང་། རྐང་ཐང་འགྲོ་བ། རླངས་འཁོར་བསྐོར་ནས་འགྲོ་བ། གནམ་གྲུར་བསྡད་ནས་འཕུར་བ་སོགས་ཧ་ཅང་མང་། དེ་དུས་ཕན་ཚུན་གྱི་གནས་བབ་དང་ནམ་ཟླ་དྲོད་གྲང་ཡང་མི་ཤེས་ལ། རྒྱང་རིང་གི་པོ་ཏ་ལ་ཡང་ཁྱིམ་མི་དག་གིས་རིག་མི་ཐུབ། དུས་ཚོད་ནི་སྐབས་འགར་ཤིན་ཏུ་བསམ་ནག་ཅིག་སྟེ་ང་ན་མ་སོན་པ་དང་ཁོ་ཚོ་རྒས་མ་ཚར་དུས་ནས་ཤིན་ཏུ་མང་པོ་ཞིག་འཁོར་ཚར་འདུག ད་ལྟ་མང་ཆེ་བ་གནམ་གྲུར་བསྡད་ནས་འཕུར་ལ་དེ་རིང་སོང་ནས་དེ་རིང་ཐོན་དུ་འཇུག་ངེས། ད་ལྟ་ཁྱིམ་ན་བསྡད་ཡོད་པའི་མི་ཚོས་ཀྱང་རྒྱང་ན་གཟི་འོད་ལམ་དེར་འབར་བའི། གློག་མིག་གིས་ཕྱི་ནང་གསང་གསུམ་ལ་སོ་ལྟ་བྱས་པའི།མི་ཚོགས་སྔར་ལས་མང་ལ། མི་རིགས་ཀྱང་འདྲ་མིན་འདུ་སའི་ལྷ་ས་དང་པོ་ལ་ཏ་ལ་སྐད་ཅིག་ཙམ་གྱིས་མཐོང་ཐུབ། ངས་འདི་ལྟར་དྲན་ཏེ་དུས་ཚོད་ཀྱི་འུ་ཚོ་ལ་དགོས་པའི་ཅ་ལག་དང་དངོས་པོ་འདྲ་མིན་ཞིག་བསྐྱལ་ཡོང་ཡང་འུ་ཚོའི་རྒྱུད་ཀྱི་དད་པ་དང་དུང་བ་བརྐུས་འདུག སྔོན་ཆེ་ལྷ་སའི་བརྙན་ཞིག་བརྙན་འཕྲིན་ལས་མཐོང་ན་དགའ་བ་ལྟ་ཅི་མཐའ་ན་མིག་ཆུ་ཡང་ལམ་མེར་ལྷུང་སྲིད་པར་མ་ཟད། མཆོད་ཁང་དང་དགོན་ཁང་ནང་དུ་པོ་ཏ་ལའི་པར་ལ་མཆོད་མེ་དང་གསོལ་བ་འདེབས། ད་ལྟ་པར་ལ་མཐོང་ཆེན་ཞིག་ག་ལ་སྲིད་དེ་དངོས་སུ་མཇལ་ཡང་ཁང་པ་ཆེན་པོ་ཞིག་དང་། བཟོ་བཀོད་ཁ་ཁ་ཞིག་ལས་སྣང་ཡུལ་ལ་དད་པ་ཙམ་ཡང་ཨེ་འདུག་སྙམ་བྱེད་ཅིག་མ་ཡིན་ནམ། ལྷ་ས་ནི་སྔོན་མའི་དག་ཞིང་དེ་མ་ཡིན་པར་ད་ལྟ་དྲ་བའི་བར་སྟོང་དུ་འཇོག་པའི་བརྙན་ཐུང་ཞིག་ལ་འདྲ་པར་འགའི་རྒྱབ་ལྗོངས་ཤིག ཡང་ན་ངལ་དུབ་སེལ་བྱེད་པའི་ལྗོངས་རྒྱུའི་ས་ཚིགས་ཤིག་ལས་མ་འདས།

ལྷ་ས་ཡ་ལྷ་ས། ཁྱོད་ནི་ལོ་རྒྱུས་ཀྱི་ཁོར་ཡུག་ཅིག་སྟེ། བཙན་པོའི་སྐབས་སུ་དམག་དོན་དང་སྲིད་ལུགས་ཀྱི་ལྟེ་བ་ཞིག་དང་། སིལ་བུའི་དུས་དེར་ལོ་ཙཱ་བ་དག་གིས་ཡིག་བསྒྱུར་གྱི་གནས་གཞི་ཞིག་རེད། ད་དུང་དེའི་རྗེས་སུ་བླ་མ་དང་སྤྲུལ་སྐུ་དག་གི་བླ་བྲང་ཞིག་ཀྱང་ཅི་ལ་མིན། དེང་སྐབས་ནི་ལྗོངས་རྒྱུའི་ས་ཚིགས་ཤིག་རེད། གང་ལྟར་རྡུལ་གྱིས་གྲུབ་ཅིག མཐོང་སྣང་སྣ་ཚོགས་ཡོད་པའི་ཁྱོད་ནི་ལོ་རྒྱུས་ཀྱི་བདེན་དཔང་དང་། མེས་པོ་ཡི་ཤུལ་བཞག་ཡིན།

  • ལེ་ཚན་སྔོན་མ།:སླར་ཡང་ལྷ་མོ་དང་འཕྲད་པ།
  • ལེ་ཚན་རྗེས་མ།:ཨ་མའི་སེམས་ཤུགས།