བཀྲ་ཤིས་རྒྱལ། 2020-06-17
ད་ལོའི་ལོ་སར་གྱི་སྐབས། ནད་ཡམས་ཤིག་ཕྱོགས་མཚམས་མེད་པར་བརྒྱུགས་པས་ང་ཚོའི་ཡོ་ལང་གི་འདུ་འགོད་དབེན་འཇགས་སུ་བཏང་ལ། ཕྱོགས་བཞི་མཚམས་བརྒྱད་ན་ཡོད་པ་དག་དང་ཡང་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་གོན་བྱ་བ་དག་རང་ཁྱིམ་ཞེས་པའི་བདེ་འཇགས་དང་ལྷོད་གྱིག་སེར་ཡོད་པའི་གནས་མལ་དེར་ཡུན་རིང་བསྡད་དུ་བཅུག་ཅིང་དེ་ནས་བསམ་གཞིགས་དང་ཕྱིར་རྟོག དྲན་ཤིང་སོགས་ཀྱི་ཀློང་ལ་བགས་ཀྱིས་ཚུད་དུ་བཅུག་པ་མ་ཡིན་ནམ།
ཕ་སྒམ་ཚུགས་ཅན་ཞིག་མཆིས་ན།། བུ་རྒོད་པོ་གནམ་གྱིས་མི་ཁོགས།།
གནའ་དེང་ལོ་རྒྱུས་གང་ལ་འཇལ་ཡང་ཕ་དམ་པ་གང་མང་གིས་བུ་འཇོན་ཐང་མིང་གྲགས་ཅན་བགྲང་ལས་འདས་པ་ཞིག་ལ་མིག་དཔེ་དང་སྐུལ་ཁྲིད་བྱས་ཡོད་པ་མ་ཡིན་ནམ། དེ་ནི་དེང་སྐབས་མིག་ལ་བཤམས་ཡོད་པ་ཞིག་དང་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེར་བསྒོས་ཡོད་པ་ཞིག་ཡིན་རྐྱེན། འདིར་ཕྱོགས་རེས་ལྟ་བུས་དཔེ་མི་འདྲེན་ལ། དེ་དག་ལ་ཕྱིར་རྟོག་ཅིག་འདོད་པ་ཚོས་རང་ཉིད་དགའ་ཤོས་དང་རང་ངོས་ནས་མཆོག་ཏུ་བརྩི་བའི་མི་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་ལ་ཐེངས་ཤིག་བལྟས་པས་ཤེས་ནུས་ཟེར་བ་ཡིན། ཡང་སྐད་ཆ་གོ་ལོག་ཏུ་འགྲོ་ཉེན་ཆེ་བའི་རང་ཅག་ཁ་ཤས་ཀྱིས་དེ་ནི་ངེས་པ་མེད་ཚུལ་དང་འདི་ལྟར་བརྗོད་པས་རང་གི་ཕར་སྐྱོན་བཙལ་གྱིས་སོ་སོའི་མི་འཇོན་མི་ནུས་ཕྱིར་དེང་གི་ཕ་ཡི་སྟེང་འཕོ་བ་མིན་ནམ་ཟེར་མཁན་ལ། སྔ་མ་ནི་ཕ་བཟང་པོ་ཞིག་ལ་བུ་ངན་པ་ཞིག་གམ། ཕ་ངན་པ་ཞིག་ལ། བུ་ཡ་རབས་ཤིག་ཅེས་པའི་བཤད་རྒྱུན་ངས་ཀྱང་གོ་མྱོང་སྟེ། དེ་འདྲ་ཡོད་སྲིད་ཀྱང་མང་པོས་མ་འཁྱེར་ཟེར་བ་ཡིན་ལ། ཡང་ཅིག་ན་ངས་མཐའ་གཉིས་སུ་ལྷུང་བའི་སྐད་ཆ་སྨྲ་བ་མ་ཡིན་ཏེ། བརྗོད་འདོད་པ་ནི་ཕ་བཟང་བོ་ཞིག་གིས་ཁྱིམ་གཞིས་ཤིག་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཚུལ་དང་ཐེབས་ངེས་དེའོ།། ད་ནི་ཕྱི་མ་སྟེ། རང་གི་ཕ་ལ་སྐྱོན་ཅི་ཙམ་མཆིས་ཀྱང་ཕ་ཡི་གོ་ཐོབ་སུས་ཀྱང་བླངས་སུ་མེད་པ་ཤེས་དགོས་ལ། ཕ་ཡི་སྐྱོན་དེ་རང་གི་བཟང་དང་སྒུལ་ཤུགས་སུ་གཏང་རྒྱུ་ནི་ང་ཚོའི་རེ་བ་དང་ཕུགས་བསམ་དུ་བལྟ་འོས་ཟེར་བ་ཡིན།
རེད་དེ། ཨ་ཕ་ནི་ཁྱིམ་གཞིས་ཤིག་གི་དབུ་འདྲེན་དང་རྒྱབ་རི་ཁོ་ནར་ཆགས་ཡོད་སྟབས། གང་དེའི་འགྲོ་འདུག་སྤྱོད་བསམ་དང་བསམ་བློ་གཏོང་སྟངས། འདུ་ཤེས་ཀྱི་ཕུགས་རྒྱ། ཤེས་ཡོན་གྱི་ཆུ་ཚད་སོགས་ནི་ཆེར་བཏང་ན་ཁྱིམ་གཞིས་ཤིག་གི་ད་ལྟའི་འཕེལ་རྒྱས་དང་འབྱུང་འགྱུར་གྱི་མདུན་ལྗོངས་ཡིན་པ་སྨོས་མེད་སྟེང་། རང་ཉིད་ནས་དབུ་བརྩམས་ལུས་སེམས་བདེ་ཐང་ལ་དོ་གལ་ཆེར་བྱེད་ཅིང་ནང་མིའི་ལུས་སེམས་ཀྱི་བདེ་ཐང་ཡང་བྱ་ལས་ཀུན་གྱི་གཙོར་འཇོག་པ་ནི་ཁྱིམ་ཚང་གི་རྩ་བ་ཡིན་ནོ།། དེ་བས། རང་ཅག་གི་ཕ་དག་དང་ཕ་རུ་འགྱུར་ལ་ཡོད་པའི་བུ་རྒོད་དག་གིས་རང་སེམས་ནམ་མཁའ་དང་རྒྱ་མཚོར་དཀྱེལ་དགོས་ལ། བྱ་ལས་ཁབ་མིག་ལ་སྐུད་པ་རྒྱུན་པ་བཞིན་ཞིབ་དགོས་པས། ལོ་ན་ག་ཚོད་ཡིན་ཡང་ཤེས་རིག་གི་སྤྱི་ཚོགས་སུ་ཤེས་ཡོན་གཉིས་ཀ་བསླབ་དགོས་ལ། གོ་སྐབས་དང་ཆ་རྐྱེན་མང་པོ་བགྲང་བའི་ཚབ་ལ་ཁ་མིག་ཡར་བལྟས་ཀྱིས་ད་ཡོད་ཀྱི་མཐུན་རྐྱེན་དག་ལེགས་པར་བེད་སྤྱད་ནས་དུས་རབས་ཀྱི་སྒལ་ཚིགས་ནས་རང་ཁྱིམ་ལ་གཅེས་དགོས། དེ་ནི་མི་རིགས་ལ་འགན་འཁུར་བ་རེད། རྒྱལ་ཁབ་ལ་བྱས་རྗེས་བཞག་པ་རེད། དེ་བས་ཀྱང་རང་གི་མི་རྒྱུད་དང་ས་གནས་ལའོ།།
མ་བཟང་མོའི་རང་གཤིས་འཇམ་ན།། བུ་བུ་མོའི་ལས་བསོད་དར་ཡོང་།།
ཨ་མ་ནི་ཁྱིམ་ཚང་ཞིག་གི་སྲོག་ཤིང་དང་ཀ་བ་ལྟ་བུར་ཆགས་ཡོད་པས། ཨ་མའི་བདེ་སྡུག་ནི་ཁྱིམ་ཚང་གི་བདེ་སྡུག་དང་། ཨ་མའི་རྣམ་དཔྱོད་དང་བློ་གྲོས་ཉིད་ཁྱིམ་གཞིས་གང་དེའི་དར་རྒུད་ཀྱི་གཟུང་ཐག་ཡིན་ལ། ཨ་མའི་རང་གཤིས་དང་འཇོན་ཐང་ཡང་བུའི་ཕྲུག་གི་མདུན་ལྗོངས་དང་ལས་བསོད་ཡིན་པ་གནའ་དེང་གང་གིས་ར་སྤྲོད་བྱས་འདུག་གོ དེ་བས་ཨ་མའི་ཤུགས་རྐྱེན་དང་བྱས་རྗེས་ནི་གཞན་གྱིས་དོ་ཡ་མི་ཡོང་བ་ཞིག་ལགས་ན། ཨ་མས་རང་གི་འགྲོ་འདུག་སྤྱོད་གསུམ་དང་མིག་གི་མཐོང་རྒྱ་ནི་ཁྱིམ་གཞིས་ཤིག་དང་བུ་ཕྲུག་ཅིག་གི་སྣེ་སྟོན་དང་ལམ་རྒྱགས་ཁོ་ན་ཡིན་པ་ནམ་ཡང་བརྗེད་དུ་མི་རུང་། ཨ་མ་བཟང་པོ་ཞིག་གིས་བཟའ་ཟླའི་བྱ་སྤྱོད་ལ་བཟང་ངན་གྱི་དབྱེ་བ་བཤད་པ་ཁོ་ན་མིན་པར་ཆེ་ཕྱོགས་དང་གནད་ཕིགས་ཀྱི་ཐབས་ལམ་འཚོལ་སྙེག་གིས་གང་དེའི་ཡར་སྐྱེད་ལ་ནམ་ཡང་དཔུང་བསྟོད་ཅིང་། ཁྱེའུ་སྐབས་ཀྱི་བུ་ལ་ལྷད་མེད་ཀྱི་གསོ་བཅུད་དང་པོར་འཇོག་ཅིང་དྭངས་གཙང་གི་བྱིས་བློར་ཡ་རབས་ལྷག་བསམ་གྱི་ས་བོན་རྟག་ཏུ་གཏོར་མིན་ནམ། ད་དུང་ཁོ་མོས་འཇིག་རྟེན་འཇུག་ལྡོག་གི་བསླབ་བྱ་གྲངས་མེད་ཧུར་གྱིས་བཏུང་པ་ཡིན་ལ་ཁོམ་མེད་མཁོ་མེད་ཀྱི་ལས་རྣམས་རིང་དུ་སྤྱུགས་པ་ཡིན་ནོ།།
ཁྱིམ་བཟའ་ཟླ་འགྲིག་མཐུན་ཡོང་ན།། ལྟས་བཟང་བོ་གཅིག་རྗེས་གཉིས་མཐུད།།
བཟའ་ཟླའི་འགྲིག་མཐུན་ནི་ཁྱིམ་ཚང་གི་བདེ་སྐྱིད་སྲུང་བའི་མ་གཞི་དང་ཁྱོ་ཤུག་ཟུང་གི་ལུས་སེམས་བདེ་ཐང་དང་མི་ཚེ་ཐུང་ཐུང་དགའ་བདེས་བསྐྱལ་བའི་འཚོ་བའི་མངོན་སྟངས་ཤིག་ཡིན་པར་མ་ཟད། བུ་ཕྲུག་གི་ལས་བསོད་དག་ཅིང་འཚར་ལོངས་ཀྱི་བརྒྱུད་རིམ་ལ་སྐྱོན་བྲལ་དང་སྤྲོ་དགའ་འཁྱིལ་བའི་རྨང་གཞི་ཡིན། དེ་ལས་ལྡོག་པའི་བཟའ་ཟླ་ཕན་ཚུན་དབར་གྱི་འཁོན་འཛིང་དང་དེ་ལས་ཚབས་ཆེ་བའི་གཉེན་འཐོར་སོགས་ཀྱིས་བྱིས་པའི་ལུས་སེམས་བདེ་ཐང་ལ་ཐད་ཀར་གནོད་བསྐྱལ་བར་མ་ཟད། དེའི་ཤུགས་རྐྱེན་ནི་ཁོ་བ་ཚོའི་ཚེ་གང་ངོ་། དེ་བས། ཕྲུ་གུ་ཡོད་པའི་བཟའ་ཟླ་ཟུང་གིས་རང་གི་བུ་ཕྲུག་གི་སླད་དུ་འགྲིག་མཐུན་ལ་དུས་ནམ་ཡང་གཞོལ་དགོས་ཤིང་དེའི་གལ་ཆེན་རང་བཞིན་རྟོགས་དགོས་ལ། སྐབས་རེར་འགལ་བ་ཕྲན་ཙམ་བྱུང་ཡང་ཕྱི་གླིང་སྔོན་ཐོན་མི་རིགས་ཀྱི་ལས་སྲོལ་བཞིན་བུ་ཕྲུག་གི་མདུན་སར་གསང་ཅི་ཐུབ་བྱ་དགོས་ཤིང་འཁོན་འཛིང་བྱ་དགོས་བྱུང་ཡང་བྱིས་པ་དང་བར་ཐག་བཞག་སྟེ་མི་ཚོར་མི་ཤེས་པར་བྱ་རྒྱུ་གལ་ཆེའོ། འདི་ནི་སྐབས་སུ་ཁྱིམ་ཚང་སོ་སོའི་རང་གི་བུ་ཕྲུག་ལ་འགན་འཁུར་བའི་རྣམ་འགྱུར་ཞིག་རེད་མོད། ཞིབ་ཏུ་བསམ་ན་དེ་ལས་འགོངས་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མ་འོངས་ལ་བསམ་པའི་སྤྱོད་སྟངས་བླ་ན་མེད་པ་ཞིག་གོ །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10