གངས་ཟེགས། 2020-06-10
ཁོ་བོ་ཆུང་དུས་ཁྱིམ་གྱི་གཅེས་ཕྲུག་ཁེར་མ་ཡིན་ཕྱིར། ངན་གོམས་སུ་སོང་ཡོད་པ་ནི་ཁོང་ཁྲོ་ཆེ་བ་དེ་ཡིན། ཁྱིམ་མི་དང་གཉེན་ཉེ་དག་གི་ཐོག་ཏུ་ཅུང་ཟད་འགྲིག་མིན་གྱི་དོན་ལ་ཁོང་ཁྲོ་ལངས་ཆོག་ཆོག་ཡིན། དེ་ནི་འབྲོག་པའི་གཅེས་ཕྲུག་ཁེར་མ་ཚོ་ཕལ་ཆེར་འདི་འདྲ་ལང་ཤོར་ཡིན། དེ་ཡིས་དགེ་རྒན་དང་སློབ་གསོ་བ་མང་ཤོས་ཀྱིས། “གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད”ཅེས་རྒྱུན་དུ་གསུངས། འབྲོག་པའི་ཕ་མ་དག་རང་གི་བུ་རྒྱུད་ལ་ཤིན་ཏུ་འདང་ཆེ་མོད། འོན་ཀྱང་ཁོ་ཚོ་ཕལ་ཆེ་བས་རང་གི་བུ་རྒྱུད་ཀྱི་མ་འོངས་པའི་མདུན་ལམ་གྱི་ཕྱོགས་ལ་བསམ་གཞིགས་ཞིབ་ཕྲ་དེ་འདྲ་གཏོང་མི་སྲིད།
མི་ནི་སྡོང་བོ་ཞིག་དང་འདྲ་བར་ཐོག་མར་སྐྱེས་པའི་སྐབས་སུ་ཡོ་ན་ཡལ་ག་དང་ལོ་འདབ་ཆེ་རུ་བྱིན་ཚེ་ཡོ་བསྲང་དཀའ་བ་ནང་བཞིན། ཆུང་དུས་གང་ཞིག་ངན་གོམས་སུ་སོང་བ་མཐའ་དག་རིམ་གྱིས་ནར་སོན་ཡང་སེམས་ཀྱི་བག་ཆགས་ནི་མུ་མཐུད་དུ་གནས་སྲིད། མ་གཞི“མི་ཚེ”ཞེས་པ་ནི་ཁ་དོག་ཅིག་ཡིན་པའི་དབང་དུ་བྱས་ན་ཁྲ་ཁྲ་ཞིག་ཡིན་པ་ཐག་ཆོད་ཡིན། ཁྱོད་རང་མི་ཚེ་འདིར་དགའ་སྐྱོ་ཆགས་སྡང་གི་འཚོ་བ་རབ་འབྲིང་ཐ་གསུམ་ལ་འཕྲད་སྲིད། དེ་དག་འཛུམ་གྱིས་དང་དུ་ལེན་ཐུབ་དགོས་ན་སྔོན་འགྲོའི་བསམ་བློའི་སློབ་སྦྱོང་ཡག་པོ་ནི་ཏག་ཏག་དེའི་སྐབས་སུ་མཁོ་ངེས་ཆེ།
རྒྱུན་པར་བསམ་གཞིགས་བཏང་ན་ཆུང་དུས“སློབ་སྦྱོང"སློབ་སྦྱོང”ཟེར་ནས་རྩི་ཟ་ཟ་སྨན་འཐུང་འཐུང་བྱས་ཀྱང་། ཆེ་དུས་འཚོ་བ་དངོས་ཀྱི་ཁྲོད་ནས་ལག་ལེན་ལ་ཐུག་ཚེ་རང་གཞན་སུ་ཡང་སྐད་ཆ་རླབས་ཆེན་དེ་དག་དོན་གྱིས་འཇའ་བཞིན་ཡལ་ནས་འགྲོ་འདུག ངས་ད་གཟོད་ཅུང་ཟད་རེ་རྟོགས་ཡོང་བ་ནི། ཤེས་ཡོན་ལ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དེ་རང་གི་ཤེས་པའི་ངོ་བོ་གོང་འཕེལ་དུ་སོང་སྟེ། གནས་ལུགས་ལ་ཐག་ཉེ་རུ་འགྲོ་བའི་ཆེད་དུ་རེད་སྙམ་གྱི་ཡོད། རེད་དེ་ང་ལ་མཚོན་ན་སློབ་སྦྱོང་ཙག་ཙིག་རེ་བྱེད་པ་དེ་ཉིད་ཚུལ་འཆོས་དང་གཞན་ལ་མཐོང་ཆུང་བྱེད་སྤྱད་དུ་གྱུར་པ་མ་གཏོགས། དེ་དག་རང་གི་མི་ཚེའི་ཉམས་མྱོང་ལ་སྦྱར་རྒྱུ་དོ་སྣང་བྱས་མྱོང་མེད།
སྤྱིར་སློབ་སྦྱོང་ཡོད་མེད་གཉིས་ཀྱི་མི་ཞིག་གི་མི་ཚེའི་ལག་ལེན་ནང་དུ་ཧེ་བག་ཆེན་པོ་འདུག་ལ། ཡོན་ཏན་གང་ཞིག་ལ་སློབ་སྦྱོང་བྱེད་པ་དེ། རང་གི་མི་ཚེའི་ཉམས་ལེན་དུ་གྱུར་དགོས་པ་ནི་སྔོན་བྱོན་དམ་པ་མང་བོའི་གསུང་ལ་མཇལ་ན་ཤེས་ལ། རྟག་པར་དགེ་རྒན་གྱིས་སློབ་ཁྲིད་སྐབས་ལ་སློབ་སྦྱོང་བྱེད་པ་ནི་མི་ཡ་རབས་ཚུལ་ལྡན་ཞིག་བྱེད་ཆེད་རེད་ཅེས་གསུངས་ན། ལུས་ཀྲོང་ཀྲོང་དང་རྣ་བ་ཅོག་ཅོག་གིས་མཉན་མྱོང་། གདམས་ངག་ཚན་པ་རེ་དང་སྐྱེས་ཆེན་དམ་པ་རེ་ཡི་མཛད་རྣམ་གསུངས་ན། མིག་གཉིས་བཙུམ་ཞོར་དང་། ལག་གཉིས་ཐལ་སྦྱར་གྱིས་ཡི་རང་བྱེད་ཁུལ་ཡིན། ལྷག་ཏུ་ང་རང་ནང་ཆོས་ལ་སློབ་སྦྱོང་ཏོག་ཙམ་བྱེད་པའི་གོ་སྐབས་བྱུང་མྱོང་། ནང་ཆོས་ནི་གཙོ་བོ་མིའི་སེམས་རྒྱུད་ལེགས་པར་སྒྱུར་བྱེད་ཅིག་ཡིན།
ཡིན་ཡང་གློ་བུར་དུ་གནས་ཚུལ་ཚ་དྲག་རེ་ལ་འཕྲད་ན་བསམ་བློའི་ཟས་སུ་བསོགས་པའི་རིག་གནས་དེ་དག་ལན་རེར་བརྗེད་ནས་འགྲོ་འདུག སྐབས་ཤིག་ལ་གནས་ཚུལ་ཆུང་ངུ་ཞིག་ལ་འཕྲད་པས། ངའི་བློ་གྱོང་བོ་དེ་ལ་ཐ་ཚིག་ཅིག་བསྒྲགས་སོང་། དེ་ནི་ང་ལ་མཚོན་ན་རང་གི་སྦྱང་འབྲས་ཤིག་ལ་ངོས་འཛིན་ཡོད། སྤྱིར་བཤད་ན་དཀའ་ཁག་དེ་ལྟ་བུ་རྒྱུན་ལྡན་ཞིག་སྟེ་གླེང་རིན་གང་ཡང་མ་མཆིས། ངའི་མི་ཚེ་ནང་དེ་ལྟ་བུའི་དཀའ་ཁག་མང་བོར་འཕྲད་མྱོང་ཡོད་ལ། དེ་དག་ཀྱང་ངས་འཁང་ར་དང་ལེ་བདའ་ཁོ་ནས་འདས་སོང་ཡོད་སྲིད།
འོན་ཏེ་སྟེས་དབང་གིས་ངའི་དཔེ་ཀློག་ཅིག་དང་འབྲེལ་ནས་ང་ལ་མནོ་བསམ་ཞིབ་པོ་ཞིག་འཁོར་བྱུང་། སྐབས་ཐོག་དེར་ང་རང་ཕ་ཡུལ་ན་ཡོད། རྒན་རྒོན་དང་བྱིས་པ་མ་གཏོགས་ཡུལ་མི་ཀུན་པོ་རི་མགོར་དབྱར་རྩྭ་དགུན་འབུ་རྐོ་སར་སོང་ཚར། ངའི་འཕྲུལ་རྟའི་སྣུམ་ཟད་པས་ཉིན་དེར་འགྲོ་མ་ཐུབ། ང་ཚོ་སྡེ་བའི་འཕྲུལ་རྟ་མང་ཤས་འཁོར་འཛིན་མེད་པའི་རྒྱུ་མཚན་གྱིས་སྣུམ་སྣོན་ས་ཚུགས་ནས་སྣུམ་མི་སྣོན། རླངས་འཁོར་ཡོད་པ་ཚོས་རླངས་འཁོར་ལས་སྣུམ་བླངས་ཏེ་འཕྲུལ་རྟར་སྣོན་གྱི་ཡོད།
གྲོགས་པོ་ཞིག་ལ་རླངས་འཁོར་ཆུང་ཆུང་ཞིག་ཡོད་པ་དེ་གཡར་ནས་སྣུམ་བླུག་སར་འགྲོ་རྩིས་བྱས། ང་ཡོད་སའི་ཡུལ་ཤོག་ནས་རྫོང་ནང་འགྲོ་ན་སྐར་མ་ཉི་ཤུའི་ལམ་ཐག་ལས་མེད་མོད། འོན་ཀྱང་ངས་རླངས་འཁོར་བསྐོར་མ་མྱོང་བས། གྲོགས་པོ་གཞན་པ་ཞིག་ལ་རོགས་བྱེད་རྒྱུའི་རེ་བ་བཏོན། ཁོས་སྡེ་བའི་སྒྲིག་ལམ་ལྟར་ཟམ་པ་ཞིག་བསྲུངས་ནས་བསྡད་ཡོད། དགོང་དྲོའི་དུས་སུ་ཟམ་པ་དེར་འགྲོ་འོང་མེད་པས་བདེ་འཇགས་ཡིན། ཁོས་ང་ལ་རོགས་བྱ་རྒྱུ་ཐག་གིས་བཅད། ཡིན་ཡང་རོགས་པ་རྒད་པོ་ཚབ་ཚུབ་ཅིག་ཡོད་པ་དེས་ཁོ་མི་མངགས་པར་མ་ཟད། ང་ལའང་དོན་མེད་དུ་ཚིག་ངན་མང་བོ་ཞིག་ལབ་སོང་། ངས་བལྟས་ཚོད་ལ་ཁོའི་སེམས་མི་སྐྱིད་ཡོད་པ་འདྲ། ངའི་གྲོགས་པོས་“ཁོ་ནི་མི་ངན་རང་འདོད་ཅན་ཞིག་རེད”ཅེས་སྐྱོན་བྲུས་སོ། ། ངས་ཀྱང་དེ་ལྟར་ཁོ་རང་ནག་པོ་ནག་རྐྱང་ཞིག་ཏུ་རྩི་བཞིན་ཡོད། ཡིན་ཡང་ལམ་སང་ངས་བསྟུད་མར་དྲན་ཡོང་བ་ནི། ཉིན་སྔོན་མའི་ནང་དུ་བཀླགས་པའི་དཔེ་དེབ་ཅིག་ལས་སྐད་ཆ་འགའ་རེད།
སྐུ་ཞབས་མ་ཡོན་ཀྱིས“གྲངས་ཀ་བརྒྱ་ལས་གཅིག་ཆད་ཚེ། གནས་ལུགས་ལྟར་ན་ད་དུང་ལྷག་མ་དགུ་བཅུ་གོ་དགུ་ཡོད་དགོས། རེད་དེ་མི་ལ་ལ་ཞིག་ལ་གྲངས་ཀ་བརྒྱ་ལས་གཅིག་ཆད་ན། ལྷག་མ་མེད་པར་ཀླད་ཀོར་ཡིན་པའི་གཤིས་ཀ་ཞིག་ཡོད། མི་དེ་ཅན་པོ་ལ་ཁྱེད་ཀྱིས་བཟང་བོ་བརྒྱ་བྱས་ཀྱང་ཕལ་ཆེར་བརྗེད་འགྲོ། ངན་པ་གཅིག་བྱས་པས་ཁྱོད་རང་ནག་པོ་ནག་རྐྱང་དུ་བཟོས་འགྲོ། ”ཟེར། སྐད་ཆ་དེ་དྲན་དུས་ཁོ་བོ་ཁོང་ཁྲོ་ལང་ལ་ཉེ་སའི་མདུན་གྱི་རྒད་པོ་དེས། ལོ་ངོ་གཉིས་ཀྱི་སྔོན་ལ་ང་ལ་རོགས་རམ་ཆེན་པོ་བྱས་མྱོང་། དེ་མ་ཐག་ངའི་སེམས་ནས་བཏང་སྙོམས་སུ་བཞག་སྟེ། ལྟ་སྟངས་གཞན་ཞིག་འཛིན་དགོས་བྱུང་། ངས་རོགས་པ་གཞན་ཞིག་བཙལ་ནས་དོན་དག་འགྲུབ་རྗེས། ང་ལ“དེ་ཉིན་ཁོ་རང་སེམས་ཁམས་མ་སྐྱིད་པས་ཚིག་ངན་གང་མང་ཤོར་སོང་། དགོངས་དག་ཟེར།”ངས་སྤྱིར་ན་སེམས་ལ་བཟུང་མེད། དེ་ཙམ་གྱིས་ཁྱོད་རང་སེམས་ནས་ནག་པོ་བཟོས་མེད་ཅེས་བཤད་པ་ཡིན།
གཞུག་ནས་བསམ་བློ་ཞིབ་ཏུ་བཏང་དུས། གནས་ཚུལ་ཆེ་ཆུང་གང་ཞིག་ལ་འཕྲད་ན། ཉི་མ་སྤྲིན་པས་བསྒྲིབས་པ་ལྟར་ལང་ཤོར་བློ་ངན་རེ་ཡིས། རང་གི་གཟུར་གནས་ཀྱི་བློ་མིག་སྒྲིབ་མི་ཉན་པ་ནི་ཧ་ཅང་གལ་ཆེན་རེད་སེམས། དེ་ཡིས་ཁོ་བོས་རང་གི་གྲོགས་པོ་ཚོར། རྒྱུགས་ཤོག་སྟེང་གི་སྐར་གྲངས་མཐོན་པོ་དང་། ལོ་རེར་རྒྱུགས་སྤྲོད་སྐབས་ཐོབ་པའི་གཟེངས་བསྟོད་དཔང་ཡིག་སོགས་སྦྱང་འབྲས་མཚོན་བྱེད་ཙམ་ལས་ཅི་ཡང་མ་རེད། དོན་གྱི་སྦྱང་འབྲས་ནི་གནད་འགག་གི་དུས་སུ་གསལ་ཡོང་ཞེས་བཤད་ཀྱིན་ཡོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10