འགྱུར་བ་འདི་བརྩེ་བ་རེད།

སྒོ་རང་གྲོལ།        2020-06-08

    "སྐྱེ་བ་འདི་ཡི་ཚེ་རོགས།།འེ་ཡོང་བསམས་ནས་བསྡད་ཡོད།།"དུས་ཡུན་རིང་བོ་ཞིག་འདི་ལྟར་བུད་སོང་། འདང་ཞིག་བརྒྱབ་ན། ཁྱོད་རང་མ་མཇལ་བའི་དུས་ཚོད་མཐའ་དག་ནི་ཁྱོད་ཉིད་བརྗེད་པའི་ལམ་ཞིག་ཏུ་གྲུབ་ཟིན་པར་འདུག དུས་ཚོད་ནི་ཕྱོགས་གཉིས་ཀྱི་ཡོད་ཚད་ལ་བདེན་དཔང་ཐུབ་པའི་དོན་དངོས་དེ་རེད་ཨང་།

    ཚད་མེད་པར་ཁྱོད་ལ་དགའ་བ་དང་། མཚམས་མེད་པར་ཁྱོད་རང་དྲན་པ། བར་མེད་པར་ཁྱོད་རང་རྨིས་པ་སོགས་ནི་དུས་ཚོད་ལ་བདེན་དཔང་བྱེད་མཁན་གྱི་དར་ཆ་ཟད་པོ་དེ་རེད་འདུག

   རེད་དེ། གློ་སྙིང་འགུག་པའི་ཐག་རིང་གི་གཏམ་རྒྱུད་ནི་ཆད་རྒྱུ་མེད་པའི་ཆུ་ཕྲན་དྭངས་མ་དེ་རེད་ལ། རྒྱ་མཚོ་དང་གཙང་བོ་འདྲེས་མཚམས་ནི་ད་གཟོད་དུས་ཚོད་ཀྱི་མཐའ་ནས་ཐོན་པའི་མཇུག་འབྲས་ངོ་མ་དེ་རེད་འདུག

   རྒྱུན་རིང་ཞིང་གཞི་བརྟན་པའི་ཁྱོད་ཀྱི་བརྩེ་དུང་ལ་དུས་ཚོད་ཀྱི་དམག་དཔུང་ནམ་ཡང་འཇུག་བཞིན་ཡོད། དེ་ནི་ཏག་ཏག་ཁྱོད་ཉིད་མི་ཞིག་ལ་ཞེ་གཏིང་ནས་དགའ་བའི་གོ་རིམ་དངོས་ཏེ་ཡིན་སྲིད་ལ། བདེ་བ་འདི་སྣང་རྗེས་ཀྱི་སེམས་ཉིད་སྐྱོ་ཤས་ཆེ་བ་ནི་དུས་ཚོད་ཀྱི་རྒྱབ་རོལ་ནས་ལངས་བའི་མི་ཞིག་གི་ཚེ་སྲོག་དང་འདྲ་ཤས་ཆེ་ན། དུས་ཚོད་ནི་ཁྱོད་ཀྱི་བརྩེ་འདང་ལས་ཀྱང་དཔའ་སྙིང་ཆེ་ཞིང་གདུག་རྩུབ་ཆེ་བ་ཞིག་རེད་མི་འདུག་གམ།

ཐག་རིང་གི་གཏམ་རྒྱུད་མཚར་པོ་ལ་འཁྱུད་པའི་ཁྱོད་ཀྱི་སེམས་པ། གློ་བུར་དུ་མི་ཞིག་ལ་སྡང་བར་འགྱུར་སྲིད་ཅིང་། ཁྱོད་རང་ནམ་རྒྱུན་ཉན་པར་སྤྲོ་བའི་གླུ་གཞས་ཤིག་ལ་གློ་བུར་དུ་ཉན་མི་སྤྲོ་བར་འགྱུར་ཡང་སྲིད། ལྷག་པར་དུ་ཁྱོད་ཀྱིས་རང་གི་གོམས་གཤིས་འགའ་ཞིག་དང་བསམ་བློ་འགའ་ཞིག་ལ་གློ་བུར་དུ་འགྱུར་བ་གཏོང་ཡང་སྲིད་པ་རེད།

   ཞིབ་ཀྱིས་སེམས་རྩིས་ཤིག་རྒྱག་དུས། འདི་དག་ཡོད་ཚད་ཀྱང་ཁྱོད་ཉིད་མི་སུ་ཞིག་ལ་སེམས་གཏིང་ནས་དགའ་བའི་དུས་ཚོད་དང་གོ་རིམ་དེ་མིན་ནམ། ཅིས་ཀྱང་ཡིན་ཏེ། ཁྱོད་ཀྱི་དགའ་བ་དེ་ཡང་དུས་ཚོད་ཀྱི་གཡུལ་བཤམས་རིང་བོ་ཞིག་ལས་ཕམ་པའི་མཚོན་རྟགས་མ་རེད་དམ།

   ཁྱོད་ལ་ནམ་ཡང་བདག་གི་ཡིད་དབང་འཕྲོག་པའི་མཛེས་སྡུག་དེ་ཡོད་ལ། ནམ་ཡང་བདག་གི་ནང་སེམས་སྒུལ་བའི་བྱམས་བརྩེ་དེ་ཡང་མཆིས། ནམ་ཡང་ངའི་འཇིག་རྟེན་གྱི་གོ་གནས་ཁྱད་པར་བ་དེ་འཛིན་པའི་ནུས་པ་ཡང་ལྡན་མོད། ད་ལྟ་ཆེས་དབུལ་བར་གྱུར་ཡོད་པ་ནི། ངས་ཁྱོད་ལ་བཅངས་པའི་སྟོང་བསམ་དེ་རེད་ལ། ངས་ཁྱོད་ཀྱི་ཡོད་ཚད་ལ་གཞན་པའི་རེ་སྒུག་གང་ཡང་མི་བྱེད་པའི་བསམ་བློ་དེ་ཡང་རེད།

   གང་ལྟར་ངས་འཆད་འདོད་པ་དང་འཆད་བཞིན་པ་ནི་"འགྱུར་བ"ཞེས་པའི་ཐ་སྙད་དུ་འཁུམས་པ་དང་། ཁེར་རྐྱང་གི་གཞིས་ཀ་དང་སེམས་ཚོར་ཟབ་མོ་དག་ཡིག་ངོར་འདྲེན་པའི་ལོ་ངོ་མང་པོ་ཡང"འགྱུར་བ"ཞེས་པའི་ཐ་སྙད་རྐྱང་པས་མཇུག་སྡོམ་ཐུབ་པ་དང་མཇུག་སྡོམ་དགོས་པ་མ་ཡིན་ནམ།

   འགྱུར་བ་ནི་མི་རྟག་པ་ཡིན་ལ་མི་རྟག་པ་ཡང་འགྱུར་བ་ཡིན་པའི་དབང་དུ་བཏང་ན། མ་གཞི་ཁྱོད་ཀྱིས་དུས་ཚོད་དང་མཉམ་དུ་གཡུལ་གཤོམ་དྲག་པོ་བྱེད་ཀྱིན་ཡོད་ཅིང་། "འགྱུར་བ"ཞེས་པའི་ཐ་སྙད་འདིས་ཁྱོད་ཀྱི་བརྩེ་དུང་ལ་དཀར་འདོན་བྱེད་ཀྱིན་ཡོད་པ་ལས། ཁྱོད་ཀྱི་བརྩེ་དུང་གིས་ཁྱོད་ལ་ཆགས་སྒོ་རིམ་བརྩེགས་ཤིག་ཁྱེར་ཡོང་བ་ཡིན་སྲིད་དམ།

   ངས་ཁྱོད་དང་མཉམ་དུ་བཞེངས་པའི་བརྩེ་དུང་གི་གཏམ་རྒྱུད་དེ་དག་དྲན་པའི་རིས་ངོས་སུ་འཕྱོ་བར་ཚོད་འཛིན་ནམ་ཡང་མི་ཐུབ་ཀྱང་། ངས་དུས་ཚོད་དང་མཉམ་དུ་རང་ཉིད་ཚུད་པའི་འགྱུར་བ་ཞེས་པའི་ཐ་སྙད་ཅིག་ངོ་སྤྲོད་བྱེད་བཞིན། རང་གི་བརྩེ་བ་འདི་རང་གིས་སྤྱི་བོར་བཏུད་ནས་ཁྱོད་ཉིད་བརྗེད་པའི་ལམ་དེ་རུ་འཇུག་ཐུབ་མིན་ལ་བསམ་བློ་གཏོང་ངེས་པ་རེད་ཨང་།

   སྙིང་ཉེ་ལགས། འགྱུར་བ་འདི་བརྩེ་བ་རེད།



  • ལེ་ཚན་སྔོན་མ།:བློས་བསླངས་ཀྱི་ཕྱི་ནང་།
  • ལེ་ཚན་རྗེས་མ།:སྦྱངས་འབྲས་ནི་གནད་འགག་གི་སྐབས་སུ་གསལ།