ངས་ནམ་ཡང་བརྗེད་མི་སྲིད།

མཚོ་མོ་སྐྱིད།        2017-07-10

      རྟ་བདུན་དབང་པོའི་འོད་མདངས་ཀྱིས་ད་སོ་མར་འབྲོག་པའི་རྩྭ་ཐང་གི་ལྷིང་འཇགས་དཀྲོག་དུས།  ནངས་སྔ་མོ་ནས་ཡར་ལ་ལངས་པའི་ཨ་མའི་ངག་འཇམ་འབོད་སྒྲ་དེས་ང་ཡང་རྨི་ལམ་ལས་དཀྲོགས་བྱུང་།  ཨ་མའི་བྱམས་བརྩེའི་འཛུམ་ཞལ།  ཨ་ཕའི་ངག་འཇམ་གྱི་གཅེས་ལོ།  སྙིང་གི་ནུ་མོ་ཆུང་ཆུང་གི་དགོད་སྒྲ།  དེ་རིང་གི་ཡོད་ཚད་ངའི་ལེགས་སྐྱེས་རེད།

      མ་འགྱངས་བར་ཕ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་སྐར་ཚོགས་ས་ལ་བབས་འདྲའི་རྟ་ནོར་ལུག་གསུམ། ད་དུང་ངའི་བྲང་གཞུང་གི་ཆེས་རླབས་ཆེ་བའི་དྲིན་ཅན་ཕ་མ་སོགས་རྒྱབ་ལ་བསྐྱུར་ཏེ།  ལོ་ངོ་བཅུ་གཉིས་ཀྱི་ཉམས་མྱོང་ཁྱེར་ནས་བར་ཐག་ལེ་བར་སྟོང་ཕྲག་གིས་ཆོད་པའི་རྒྱང་རིང་ཞིག་ལ།  སློབ་ཆེན་གྱི་སྒོ་ཐེམ་བརྒལ་ཏུ་འགྲོ་དགོས་པས།  དེ་རིང་གི་སྦྲ་ཁྱིམ་འདིའི་ཡོད་ཚད་ངའི་སྙིང་ཉེ་བཟའ་མི་ཚོས་ང་ལ་ཕུལ་བའི་རྟེན་འབྲེལ་རེད།  ང་རང་མྱུར་མོར་ཡར་ལ་ལངས་ཏེ་ཨ་མས་བསྐོལ་བའི་འོ་ཇ་དཀར་ཡོལ་གང་ཧུབ་ཀྱིས་འཐུང་ཞོར།  འགྲོ་མ་མྱོང་བའི་གྲོང་ཁྱེར་དེར་འགྲོ་བར་བྲེལ་བ་ཞིག་དང་མཉམ་དུ།  སྦྲ་ནག་གྲུ་བཞི་འདིའི་དྲོད་ཁོལ་རྒྱབ་ཏུ་བསྐྱུར་དགོས་པར་གདུང་སེམས་ཤིག་ཀྱང་སྐྱེས་བྱུང་།  སྐབས་དེར་གློ་བུར་དུ་སྒོ་ཁྱིའི་ཟུག་སྐད་དང་མཉམ་དུ་སྐྱ་མི་ཞིག་ངེད་ཚང་གི་སྒོ་ཁར་སློབས་འདུག    ང་ཚོ་ཚང་མ་སྒོ་ཁར་བུད་ནས་ལྟ་དུས་ཁོང་ནི་ཨ་ཕའི་སྤུན་ཡ་ཨ་ཁུ་བཀྲ་ཤིས་རེད།  ངའི་སེམས་ལ་དེ་རིང་ཁོ་ཡང་ང་ལ་རྟེན་འབྲེལ་ཞིག་ཞུ་རུ་ཡོང་བར་ཨེ་ཡིན་སྙམ་བཞིན།  ཨ་ཁུ་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་ཁོམ་མ་བྱུང་གོང་།  ཁོས་གདོང་གནག་ནས་ཕ་མ་གཉིས་ལ་ཁ་གཏད་དེ་ཧ་ཅང་ནན་ཏན་གྱིས་ཁྱོད་གཉིས་སྨྱོས་པ་ཨེ་རེད།  བུ་མོ་ལག་ཆགས་ནས་གནས་ལ་འགྲོ་རན་དུས།  མཐར་ཕྱིན་པའི་གོ་སྐབས་འདི་དང་བསྟུན་ནས་གནས་ལ་འགྲོ་བར་ཐབས་བཀོད་མི་འཐེན་པར།  གྲོང་ཁྱེར་ནང་ལ་ཁ་བསྐོར་དགོས་དོན་ཅི་རེད།  དྲང་མོར་བཤད་ན་བུ་མོ་ཞིག་གིས་སློབ་གྲྭ་འགྲིམས་ནས་ཅི་བྱེད།  བུ་མོ་ཞིག་གིས་ས་ཅི་ཡང་ཆོད་མི་སྲིད་ལ་ཐ་ན་མི་ཁ་འཁུར་རྒྱུ་རེད་སོགས་གནས་ལུགས་བརྒྱ་དང་ཡིན་ལུགས་སྟོང་བརྗོད་བྱུང་།  ད་དུང་ཉེ་ཆར་ངེད་ཚང་ལ་ཡོང་ནས་མཇུག་རྫོགས་རྒྱུ་མེད་པའི་སྐད་ཆ་འདི་འདྲ་བཤད་མཁན་ཨ་ཁུ་ཁོ་རང་གཅིག་པུ་མིན་ཡང་།  ཕ་མ་གཉིས་ཀྱི་ཆོད་སེམས་ཀྱི་རྐྱེན་པས་ཁོ་ཚོ་ངེད་ཚང་དང་གྱེས་ཁར་ཁོང་ཁྲོ་ལངས་ནས་བུད་འགྲོ་ལ།  ཨ་ཁུ་བཀྲ་ཤིས་ཀྱང་ཁོ་ཆད་པའི་ཉམས་འགྱུར་དང་བཅས་ལམ་ལ་ཆས་སོང་།  འོན་ཀྱང་སྦྲ་ཁྱིམ་གྲུ་བཞི་འདི་སྔར་བཞིན་དྲོད་ལམ་ལམ།  ཨ་མའི་ཞལ་གྱི་འཛུམ་མདངས་དང་ཨ་ཕའི་ངག་གི་གཅེས་ལོ།  ད་དུང་ནུ་མོའི་དགོད་གཏམ་སོགས་ཀྱི་བར་ནས་ང་ཡང་ལམ་ལ་ཆས་པར་གྲ་སྒྲིག་བྱས།

      ལམ་ལ་ཆས་ཁར། ཨ་མས་སྒྱེད་པུའི་ཡར་འགྲམ་གྱི་མཆོད་ཁྲིའི་སྟེང་གི་ཚི་དྲེག་ཆགས་པའི་མ་ཎི་ལག་འཁོར་ཆུང་ཆུང་དེ་ལག་ཏུ་བཟུང་ནས།  ངག་དལ་མོས་ངང་དཀོན་མཆོག་གསུམ་པོས་མཁྱེན།  ངའི་བུ་མོར་བྱ་བ་ལམ་འགྲོ་ཡོང་བའི་མགོན་སྐྱབས་གནང་དགོས་ཞེས་མིག་ཆུའི་ཐིགས་པ་འགའ་ས་ལ་གཏོར་ཞོར་ཚུར་ཡོང་ནས་ངའི་ལག་འགོར་འཇུས་ཏེ་ཕ་བཟང་གི་བུ་མོ་དང་མ་བཟང་གི་གཅེས་ལོ་མ།  བྱ་རྒོད་པོས་གནམ་འཕང་བསྟད་ཀྱང་འབབ་ས་བྲག་རེད།  སྟག་དམར་ཡག་ནགས་ལ་མཆོངས་ཀྱང་ཉལ་ས་ཚང་རེད།  མདོ་ཅོལ་ཆུང་གི་ལས་ལ་གཏན་ནས་འཇུག་མི་ཉན་ཞེས་སྙིང་དམར་པོ་ཁ་དོག་གིས་བརྒྱན་པའི་སྐད་ཆ་འགའ་ངའི་སེམས་པའི་གཏིང་རིམ་དུ་བརྫངས་བྱུང་།  སེམས་ཀྱི་ཟབ་སར་སྐད་ཆ་འདི་ཚོ་ཉར་ནས་ང་རང་ལམ་ལ་ཆས་ཡོང་།  རླངས་འཁོར་གྱི་དུང་བརྡ་དང་པོས་ཕ་ཡུལ་གྱི་ཡོད་ཚད་ལ་བདེ་མོ་འཇོག་པའི་སྔོན་བརྡ་བཏང་ཞིང་།  ཕ་ས་ཕ་ཡུལ།  མ་ས་མ་ཡུལ།  རེ་ཞིག་འདི་ལྟར་རྒྱབ་ལ་བསྐྱུར་ཏེ་ཆུ་ཚོད་བཅུ་གཉིས་ཀྱི་དུས་ཡུན་ཕར་ལ་སྐྱེལ་ནས།  ཡུན་རིང་ལ་རེ་སྒུག་དང་འབད་བརྩོན་གྱིས་འཚོལ་སྙེགས་བྱས་པའི་སློབ་ཆེན་གྱི་གླིང་གར་འབྱོར་དུས།  ཟླ་འོད་སྨུག་པས་སྒྲིབ་པའི་གྲོང་ཁྱེར་འདི་ནས་ངས་དབང་མེད་དུ་ཨ་མ་དྲན་བྱུང་།  ཨ་མ་ལགས།  སྐབས་འདིར་ངས་ཁྱེད་རང་དྲན་ཞིང་ཁྱེད་རང་གླེང་བཞིན་ཡོད།  མཆོད་ཁྲིའི་མདུན་ནས་ངའི་ཆེད་དུ་ལྷ་ལ་སྐྱབས་འཇུག་ཞུས་པ།  ངའི་ལག་འགོར་འཇུས་ཏེ་དཀར་པོ་ཚིག་ལ་ནན་ཏན་གྱི་ཚུལ་ཏུ་བཤད་པའི་སྐད་ཆ་འགའ།  ད་དུང་སྙིང་སྟོབས་དང་བྱམས་བརྩེས་བྱུགས་པའི་རང་གཤིས།  རེ་རེ་བཞིན་ཡིད་ལ་ཤར་དུས་ངས་ཁྱེད་ལ་དཀའ་དྲིན་ཞུས་ན་འདོད།  ཁྱེད་ཀྱི་ཨུ་ཚུགས་ཀྱིས་ང་ལ་སློབ་ཆེན་པ་ཞེས་པའི་མིང་བྱང་འདི་འཚོལ་བའི་གོ་སྐབས་གནང་བྱུང་།  ཁྱེད་ཀྱི་བྱམས་སེམས་ཀྱིས་ང་ལ་ནམ་ཡང་སྙིང་སྟོབས་དང་སྐུལ་མ་གནང་བྱུང་།  ཁྱེད་ཡོད་པས།  ང་ལ་མགོ་བོ་དགྱེ་བའི་གོ་སྐབས་ཐོབ་བྱུང་།  ཁྱེད་ཡོད་པས།  ངས་སུ་ཚང་གི་སྒྱེད་འགྲམ་ནས་ནག་མོ་དང་ཆུང་མའི་བརྙས་བཅོས་འཁུར་མ་དགོས།  རླབས་ཆེན་གྱི་མ་ལོ།  ཁྱེད་ཀྱིས་འདི་ལྟར་ང་ལ་ཅི་ཞིག་འཚོལ་སྙེགས་བྱེད་འདོད་ན་དེ་འཚོལ་བའི་གོ་སྐབས་གནང་བས།  ངས་ཀྱང་བག་ཆགས་ཀྱིས་བཀག་རྒྱ་ཐེབས་པར་ཁ་མི་གཡར་བར་མི་གྲལ་ནས་མགོ་བོ་དགྱེ་སྲིད།

      གོ་རིམ་འདི་ནས་ང་ལ་ཁྱེད་ཀྱི་རྒྱབ་སྐྱོར་ཡོད་པས། ནམ་ཞིག་ལ་ང་ཁྱེད་ཀྱི་ཉེ་སར་ལོག་དུས།  ངས་ང་རང་བུད་མེད་ཅིག་ཡིན་པས་འགྲུབ་མ་སོང་ཞེས་བཤད་མི་སྲིད་ལ།  ད་དུང་ཁྱེད་དང་ངའི་ཤ་ཁྲག་ལ་འཐིམས་པའི་སྐད་ཆ་དེ་གཙང་མར་བཤད་ངེས།  ངོ་མ་རེད།  དངོས་གནས་རེད།  བྱ་རྒོད་པོས་གནམ་འཕང་བསྟད་ཀྱང་འབབ་ས་བྲག་ཡིན་པ།  སྟག་དམར་ཡག་ནགས་ལ་མཆོངས་ཀྱང་ཉལ་ས་ཚོང་ཡིན་པ།  འདི་ངས་ནམ་ཡང་བརྗེད་མི་སྲིད།


  • ལེ་ཚན་སྔོན་མ།:འགན་འཁྲི་དང་གུས་སེམས་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།
  • ལེ་ཚན་རྗེས་མ།:ལུས་ངག་དགའ་བ་བརྒྱ་ཡིས་མཆོད་པ་ཕུལ། ཡིད་སེམས་སྤྲོ་བ་འབུམ་གྱིས་རྟེན་འབྲེལ་ཞུས།