བོན་སྐོར་དོན་གྲུབ་ཚེ་རིང་། 2020-05-29
སྒྲུང་རིང《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》བཀླགས་པའི་མྱོང་ཚོར་ཕྲན་བུ།
སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་རབ་གྲས《ལོ་བརྒྱའི་ཁེར་ཧྲེང》གི་ཁྲོད་དུ།མཱ་ཁོང་ཏོ་ལ་འཁྲུག་ཆ་ཤིན་ཏུ་དོད་ནའང་། དེ་ནི་དངོས་ཡོད་ཀྱི་གྲོང་བརྡལ་ཞིག་མིན། རྩོམ་པ་པོས་འཚོ་བའི་དངོས་ཡོད་ཀྱི་བདེན་པའི་ཆ་ཤས་དུ་མ་བརྡར་ཅིང་སྤུངས་ནས་ཧྲིལ་གཟུགས་སུ་བསྐྲུན་ཚེ། མཱ་ཁོང་ཏོ་ནི་གཟོད་མིའི་རིགས་ཀྱི་གཏམ་རྒྱུད་ཀྱིས་ཕྱུག་པའི་གྲོང་བརྡལ་ཞིག་ཡིན་ཞིང་། རྩོམ་རིག་ས་ཁམས་རིག་པའི་བརྡ་ཆད་ལྟར་ན་མཱ་ཁོང་ཏོ་ནི་རྩོམ་རིག་བརྩམས་ཆོས་ཁྲོད་དུ་རྟོག་བཏགས་ཀྱི་ས་ཁམས་ཡིད་བརྙན་དུ་གྲུབ་ཚར་བས། དེ་ནི་ཀློག་པ་པོས་མྱོང་རོལ་གཏིང་ཟབ་བྱ་ཆོག་པའི་སྒྱུ་རྩལ་རྨ་མེད་པ་ཞིག་རེད།
སྤྱིར་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ས་ཁམས་ཡིད་བརྙན་ལ་དངོས་གཟུགས(实体)དང་རྟོག་བཏགས་སུ་དབྱེ་རྒྱུ་ཡོད་པ་ལྟར། བོད་ཀྱི་སྒྲུང་རིང 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ཀྱི་ཁྲོད་དུའང་དངོས་གཟུགས་ཀྱི་ས་ཁམས་ཡིད་བརྙན་དང་རྟོག་བཏགས་ཀྱི་བྱུང་རིམ་དུ་མ་ལྷན་དུ་སྤུངས་ཡོད། སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་དྲེལ་པ་འབྲུག་རྒྱས་ཀྱིས་རྒྱལ་རྩེ་ནས་ནག་ཆུའི་བར་གྱི་ཡུལ་སྒོ་བཞི་དང་ར་ལུང་། སྣོད་འབྱིན་གང་བཟང་། ཁ་རོ་ལ། རྫ་ར། སྟག་ལུང་། སྣ་དཀར་རྩེ། དཔལ་དི། སྲིན་ལག ཡར་འབྲོག་གཡུ་མཚོ། གམ་པ་ལ། གམ་པ་བར་རྫི། ལྕགས་ཟམ་གྲུ་ཁ་སོགས་བརྒྱུད་པའི་ས་ཆ་འདི་དག་ནི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་དངོས་གཟུགས་རང་བཞིན་གྱི་ས་ཁམས་ཡིད་བརྙན་དུ་གྲུབ་ཡོད།ས་ཆ་འདི་དག་ནི་དོན་དག་མེད་པར་བརྩམས་ཆོས་ཁྲོད་དྲངས་པ་མ་ཡིན་པར་སྒྲུང་གི་གཏམ་རྒྱུད་ཀྱི་མངོན་སྐུད་དང་ལྐོག་སྐུད་ཀྱི་དགོས་མཁོར་དམིགས་ནས་མིས་འདུ་འཛི་ཆེ་བའི་བྱ་འགུལ(སྦྲག་ཁང་སོགས)སྤེལ་སའི་ས་ཁམས་གནས་ཡུལ་ཡིན་པས་སྟབས་ཀྱིས་རེད། དུས་ཚོད(དུས་རབས་གོང་མའི་དུས་མགོ་དང་དུས་དཀྱིལ)ཀྱིས་བར་ཆོད་པའི་ཡུལ་འདི་དག་གི་མིའི་བྱ་བྱེད་རྩོལ་བའི་རྣམ་པ་དངོས་དེ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྗོད་བྱེད་ཚིག་གི་སྣང་བརྙན་ལས་གསལ་བོར་འཆར་ཡོད་ཅིང་། དངོས་གཟུགས་རང་བཞིན་གྱི་ས་ཁམས་ཡིད་བརྙན་གྱིས་འདས་པའི་དུས་ཀྱི་དོན་སྣ་ཚོགས་འགྲེལ་བར་གསལ་ཁ་ཐོན་པར་དགེ་མཚན་ཆེན་པོ་བསྐྲུན་ཡོད་དེ། དྲེལ་པ(འབྲུག་རྒྱས)དེ་ཡང་རྒྱལ་རྩེ་ནས་ལྷ་སའི་བར་གྱི་ཡིན་པ་ལས་དར་མདོ་ནས་ལྷ་སའི་བར་གྱི་མིན་པ། ཡུལ་གྱི་མཐོང་ཐོས་དེ་དག་ཀྱང་ཨ་མདོ་ནས་ལྷ་སའི་བར་གྱི་མིན་པར་རྒྱལ་རྩེ་ནས་ལྷ་སའི་བར་དང་། ཡང་ན་ལྷ་ས་ནས་རྒྱ་གར་བར་གྱི་ཡིན་པ་ལ། ཡུལ་འདི་དག་ནི་རྩོམ་མཁན་རང་གི་ཀུན་རྟོག་ལ་བརྟེན་ནས་སྒྲུང་གི་བྱུང་རིམ་གྱི་དགོས་མཁོའི་ཆེད་དུ་རྟོག་བཟོ་བྱས་པ་ཞིག་མིན་པས་དུས་རབས་གོང་མའི་ནང་ཡུལ་འདི་དག་ཏུ་འཚོ་བའི་བོད་མིས་ཚེ་སྲོག་གི་བྱེད་རྩོལ་ལ་བཟུང་བའི་རིན་ཐང་གི་ལྟ་བ་སོགས་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཡོད།གཏམ་རྒྱུད་གསེར་ཐང་དུ“ལོ་རྒྱུས་འཆད་པའི་ཡན་ལག་ཏུ་སྐབས་ཐོག་སོ་སོའི་མིང་ཤེས་དགོས”ཞེས་པ་ནི་འདིར་བརྗོད་པར་རྒྱུ་མཚན་དང་དགོས་པ་ཆེར་མེད་པ་ལྟར་སྣང་ཡང་། སྒྲུང་འདིར་འདས་པའི་དུས་ཀྱི་ས་ཆ་འདི་དག་གི་མིང་དངོས་དང་། ས་ཆ་འདི་དག་ཏུ་གནས་པའི་གཞིས་ཀ་དང་གཞིས་ཀའི་གཡོག་ཏུ་རྒྱུག་པའི་ཚེ་སྲོག་གི་བྱེད་རྩོལ་མཐའ་དག་སྒྱུ་རྩལ་གྱི་རྒྱབ་ལྗོངས་སུ་བསྐྲུན་ནས་དུས་རབས་གོང་མའི་ལོ་རབས་སུམ་ཅུའི་གཡས་གཡོན་གྱི་དབུས་གཙང་གི་མིའི་དངོས་ཡོད་འཚོ་བ་བསྐྱར་མཚོན(再现)བྱས་ཡོད་པ་དང་།འདས་དུས་ཀྱི་ས་ཆ་འདི་དག་ཏུ་དར་ཁྱབ་ཆེ་བའི་ཆོས་ལུགས་རིག་གནས་དང་དམངས་སྲོལ།རི་ཆུའི་རིག་གནས། སྐད་ཆ། མི་དང་མིའི་འབྲེལ་བ། ངག་རྒྱུན། ཁྲིམས་ལུགས་སོགས་འཚོ་བའི་བདེན་པ་མང་པོ་རྗོད་བྱེད་ཚིག་གིས་རིས་སུ་ཕབ་ཡོད་པ་གང་དེ་དག་ད་སྐབས་དེང་དར་གྱི་རིག་ཚན་གསར་བ་མང་པོའི་ངོས་ནས་བསྐྱར་འགྲེལ་དང་གདེང་འཇོག་བྱེད་ཆོག་པས་སྒྲུང་གཏམ་ཁྲོད་ཀྱི་ས་ཁམས་ཡིད་བརྙན་གྱིས་སྒྲུང་གཏམ་འདི་ལ་སྒྱུ་རྩལ་གྱི་བདེན་པའི་ངོས་ནས་དོན་སྙིང་སྦྱིན་ཐུབ་ཡོད། ཡང་ཅིག་བཤད་ན། སྒྲུང་གཏམ་འདིའི་རྗོད་བྱེད་ཀྱི་བསྟར་འཕྲེང་དུ་མངོན་པའི་འདས་པའི་དབུས་གཙང་གི་འཚོ་བའི་བསྐྱར་རིས་ཞིབ་འབྲི་བྱས་པ་ཞིབ་ཅིང་། མི་དང་མིའི་བར་གྱི་འགལ་འབྲེལ་སྟོན་པའི་གཏན་ཚིགས་ཚགས་དམ་པ་སོགས་འཚོ་བའི་བདེན་པ་མངོན་གསལ་ཆགས་ཡོད་པས་ཀློག་མཁན་གྱི་ཡིད་འགུག་ཐུབ་པའི་ཁྱད་ཆོས་ཡོད་པ་རེད། འཚོ་བའི་བདེན་པ་ལ་སྒྱུ་རྩལ་གྱི་ལས་སྣོན་ཤུགས་དྲག་ཞན་གྱིས་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་བདེན་པའང་བླ་རུ་འདེགས་ཐུབ་པས་སོ།། སྒྲུང་ནང་དངོས་གཟུགས་ཀྱི་ས་ཁམས་ཡིད་བརྙན་དུ་མ་འབྲེལ་མི་ཆགས་ཀྱང་བཙན་གྱིས་མུ་རུ་སྤེལ་བ་མིན་པར་དངོས་གཟུགས་ཀྱི་ས་ཁམས་ཡིད་བརྙན་དག་ལ་རྩོམ་རིག་གི་རིན་ཐང་ལྡན་པར་བྱེད་པའི་མིའི་འགུལ་བསྐྱོད་ཀྱི་ཕྲ་བཏབ་ཡོད། དཔེར་ན། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་བོ་དྲེལ་པ་འབྲུག་རྒྱས་འུ་ལག་རྒྱུགས་པའི་འགུལ་བསྐྱོད་ཀྱི་མགོ་བརྩམས་པ་ནས་བཟུང་རྩོམ་པ་པོའི་ཡིད་ཀྱི་དངོས་གཟུགས་ཀྱི་ས་ཁམས་ཡིད་བརྙན་གྱི་ཚོགས་པ་དེ་དག་ཀྱང་ཕྱི་རོལ་ཏུ་རང་སོར་འགྱིང་སྟེ་བེད་མེད་དུ་མ་བསྐྱུར་བར་བརྩམས་ཆོས་ཀྱི་བྱུང་རིམ་ལ་དམིགས་ཏེ་རྗོད་བྱེད་ཀྱིས་དེ་དག་བར་ཕྱི་ནང་གི་འབྲེལ་བ་བཙུགས་ཏེ་སྐབས་དེར་དབུས་གཙང་གི་ས་ཁུལ་སོ་སོར་འཚོ་བ་རོལ་བའི་མིའི་སྤྱི་ཚོགས་ཀྱི་ཟུར་ངོས་གཅིག་བསྡུས་ཀྱིས་བཀྲམ་སྟོན་བྱེད་པ་ལ་རང་ཤུགས་ཀྱིས་རམ་འདེགས་བྱས་ཡོད་པ་ལྟ་བུའོ།། རྡོ་ཆག་བཙན་སྒྲིག་གིས་བརྩམས་ཆོས་ལ་འདས་པའི་སྤྱི་ཚོགས་ཀྱི་རིན་ཐང་ཞིག་སྟོན་དུ་བཅུག་པ་མིན་པར་ས་ཁམས་ཡིད་བརྙན་དུ་མའི་བར་དུ་མིའི་འགུལ་སྐྱོད་ཀྱི་སྦྲེལ་ཟམ་ཞིག་བཙུགས་ཤིང་། སྦྲེལ་ཟམ་དེས་འདས་དུས་ཀྱིས་མིའི་འཚོ་བ་ཧྲིལ་གྱིས་སྟོན་པ་མིན་པར་དྲེལ་པ་འབྲུག་རྒྱས་ཀྱི་མི་ཚེའི་ནང་འབྲེལ་གཏུག་བྱུང་བའི་མི་སྣ་འགའི་འཚོ་བའི་ངོས་བཀྲམ་སྟོན་བྱས་པ་ནས་གོམ་གང་མདུན་སྤོས་ཀྱིས་བསྟན་ཡོད་པའང་བརྩམས་ཆོས་རང་ངོས་ཀྱི་ལེགས་གྲུབ་ཅིག་ཡིན། གཞན་ཡང་བརྩམས་ཆོས་འདིས་མཛེས་རྟོག་རིག་པ་དང་ས་གཤིས་རིག་པའི་ངོས་ནས་ཀྱང་ཀློག་པ་པོར་མཛེས་པ་དང་ཞིབ་འཇུག་གི་དཔྱད་གཞི་གསར་བ་མཁོ་འདོན་ཐུབ་ཡོད་ལ། ལོ་རྒྱུས་དང་སྐྱེ་ཁམས་སོགས་ཀྱི་ངོས་ནས་ཀྱང་དཔྱད་གཞིར་འཛིན་འོས་པའི་ཆ་མང་དུ་བསྩལ་དང་སྩོལ་བ་ནི་བརྩམས་ཆོས་ཀྱིས་ལྐོག་ཏུ་སྦས་པའམ་གབ་པའི་ཚུལ་དུ་འགྲེམ་སྟོན་བྱས་པའི་ས་ཁམས་ཡིད་བརྙན་གྱི་སྒྱུ་རྩལ་ཞིག་ཏུ་གྲུབ་ཡོད།
སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་རབ་གྲས《ལོ་བརྒྱའི་ཁེར་ཧྲེང》གིས་ལ་ཏེན་མེ་གླིང་གི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་གསལ་སྟོན་བྱས་ཡོད་ཅེས་པ་བཞིན། 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ཀྱིས་ཀྱང་ས་ཁོངས་རང་གི་ཡུལ་ལུང་བྱེ་བྲག་པར་འཚོ་བའི་མི་ཕལ་བ་དྲེལ་པ་འབྲུག་རྒྱས་ལྟ་བུའི་མི་སེར་ཁོལ་པོ་ནས་གཞུང་ཁང་གི་རྐུབ་སྟེགས་དང་འབོལ་ཁྲིར་ཕྱུ་ཆེན་མནབས་ནས་བཞུགས་སུ་གསོལ་བའི་སྐུ་དྲག་སྟེ། སྐབས་དེའི་དབུས་དང་གཙང་གི་འཚོ་བའི་ཁྲོད་ཀྱི་མིའི་ཐོབ་བབ་ཀྱི་ངོས་ཆེ་ཆུང་འདི་གཉིས་ཀྱི་འགལ་འབྲེལ་ཡོད་ཚད་རྗོད་བྱེད་ཚིག་གི་སྒྱུ་རྩལ་གྱིས་བཀྲམ་སྟོན་བྱས་པ་བརྒྱུད་ནས་སྒྲུང་རིང་གང་ཉིད་སྐབས་དེའི་དབུས་གཙང་གི་མིའི་འཚོ་བའི་བསྡུས་གཟུགས་སུ་བསྐྲུན་ཡོད། སྒྱུ་རྩལ་གྱི་མཚོན་ཐབས་དང་རྣམ་པའི་ངོས་ནས་ས་ཁོངས་རང་ལ་དམིགས་བསལ་དུ་མངའ་བའི་དམངས་གཞས་དང་གཏམ་རྒྱུད། སྐད་ཆ་བཤད་ལུགས(དཔེར་ན། ལུག་གཅིག་བརྫངས་ཡོད་ལྟ་བུ།)ཀྱིས་རབ་ཏུ་ཕྱུག་པར་བྱས་འདུག།
《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ནི་དངོས་ཡོད་དང་རྟོག་བཏགས་ཟུང་དུ་འབྲེལ་བའི་སྒྱུ་རྩལ་གྱི་གོང་བུ་ཞིག་གམ། དུས་རབས་བཅུ་དགུའི་སྟོད་དང་དཀྱིལ་དུ་དབུས་དང་གཙང་གི་རི་ཆུའི་ཧྲག་བར་དུ་འཚོ་སྡོད་བྱེད་པའི་མིའི་འཚོ་བའི་རྣམ་པ་དེ་སྒྱུ་རྩལ་གྱི་རྟོག་བཏགས་དང་འཚོ་བའི་བདེན་པ་ཟུང་འབྲེལ་གྱིས་ཀུན་གྱི་གཟིགས་མོར་ཕུལ་ཡོད་པའི་སྒྲུང་གཏམ་རིང་གྲས་ཤིག་ཡིན་པའི་ཆ་ནས་སྒྲུང་གཏམ་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ས་ཁམས་ཀྱི་ཡིད་བརྙན་དག་ནི་ཡུལ་ལུང་བྱེ་བྲག་པའི་རྗོད་བྱེད་ཚིག་གི་ཧྲག་བར་དང་། དོན་གྱི་བྱུང་རིམ་གྱི་དགོས་མཁོ་དང་སྒྲིག་གཞིའི་ཡས་མས་ཀྱི་གོ་རིམ་ལྟར་འོས་འཚམ་སྒོས་བཀོད་སྒྲིག་བྱས་ཡོད་ཅིང་། བརྩམས་ཆོས་ཀྱི་བྱུང་རིམ་ཕྲ་རགས་གཉི་ཀ་སྤེལ་བའི་བརྒྱུད་རིམ་རིང་མོའི་ཁྲོད་དུ། དབུས་གཙང་གི་རང་བྱུང་ནམ་ཟླ་དང་རི་ཆུ། རྩྭ་ལྡུམ་མེ་ཏོག་དང་རི་སྐྱེས་སྲོག་ཆགས། སྒང་གཤོང་ཐང་ལུང་སོགས་ཀྱི་གནས་བབ་ནི་མིས་བྱ་འགུལ་སྤེལ་བའི་ཞར་ནས་མངོན་ཡོད་པའམ། ཡང་ན་མིའི་བྱ་འགུལ་ཡོད་ཚད་དང་རྐྱ་འཐབ་པར་བྱས་པ་དེས་ས་ཁམས་ཁོར་ཡུག་དང་མིའི་འབྲེལ་བ་གསལ་སྟོན་བྱས་པའི་ཤུགས་ལ་འགྲོ་བ་མིའི་རིགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཡོད་ཚད་ལ་རང་བྱུང་ཁམས་ཀྱིས་བརྒྱུད་པའི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་མཚོན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10