བདག་གི་ངོ་གདོང་།

སྨྱུག་གཤིས།        2020-04-20

   མེ་ལོང་ནང་བཞིན་ལྟ་ན་སྡུག་པའི་ངོ་གདོང་དེ་དང་འཚོ་བ་ནང་བཞིན་ཉག་ཉོག་ཏུ་བསྲེས་པའི་ངོ་གདོང་། ཁེར་རྐྱང་གི་གྲོང་ཚོ་ནང་བཞིན་སུན་སྣང་གིས་ཁེབས་པའི་ངོ་གདོང་དེ་དང་འུར་ཟིང་གི་གྲོང་ཁྱེར་ནང་བཞིན་སྣ་ཚོགས་འཛོམས་པའི་ངོ་གདོང་། སྡུག་དུས་མུན་ནག་དོང་ལ་འགྲན་པའི་ངོ་གདོང་དང་སྐྱིད་དུས་ལྷ་ཡུལ་ཁམས་ལ་འགྲན་པའི་ངོ་གདོང་། འཚོ་བའི་དགའ་སྐྱོ་བསྲེས་མའི་ངོ་གདོང་དམར་པོ། ངོ་གདོང་དེ་དག་ངའི་ཡིན། ཚེ་སྲོག་བཅུད་ལྡན་ཞིག་གི་ངོ་བོར་འཐམ་པའི་ངོ་གདོང་སྲབ་བུ་ཡིན་ལ་ཚེ་རབས་ཤིག་གི་བར་ལ་བསྒྱུར་དུ་མེད་པའི་བདག་གི་ངོ་གདོང་ཡང་ཡིན་ལགས།

   ན་ནིང་ལྕི་འདམ་ན་སྐྱག་ཆུ་བཞིན་བཞུར་འགྲོ་བ་བདག་གི་ངོ་གདོང་འཁྲུད་བྱེད་ཡིན་ལ་ད་ལོ་རྒྱ་གྲོང་ན་འདམ་ཁུ་བཞིན་བཞུར་འགྲོ་བའང་བདག་གི་ངོ་གདོང་འཁྲུད་བྱེད་ཡིན། ངོ་གདོང་བཀྲུས་རྗེས། ཁྱེད་ཚོ་དང་འདྲ་བའི་འཚོ་གནས་སུ་གོམས་པར་བྱ་ཆོག་ལ་ཁོ་ཚོ་དང་འདྲ་བའི་གནས་མལ་ལ་ལོགས་ཀྱང་རུང་། ཕྲག་དོག་དང་ང་རྒྱལ་གྱི་མེ་ལྕེ་འབར་བའི་གནས་མལ་དྲག་པོ་རུ་བདག་གི་ངོ་གདོང་ནི་ཆེས་མཛེས་སྡུག་ལྡན་པའི་ངོ་གདོང་དེ་ཡིན་ལ། ཁོ་དང་ཁྱེད་ཚོ་དུས་རྟག་ཏུ་ངམ་པའི་ངོ་གདོང་དེའང་མིན་མི་སྲིད། ངོ་གདོང་དེ་འཚོལ་ཕྱིར་ལ་ལས་ཚེ་སྲོག་གི་རིན་ཐང་འབོར་ངེས་ལ། ལ་ལས་བདེ་སྐྱིད་ཀྱི་གཞིས་ཁྱིམ་སྤང་ངེས། རེ་འགས་ལྷད་མེད་ཀྱི་གྲོགས་པོ་ལ་བསླུ་སྲིད་གཏོང་བ་དང་མགོན་སྐྱབས་ཀྱི་དད་མོས་བརྗེད་སྲིད།

   ངོ་གདོང་དེ་ཚེ་སྲོག་འབོར་རྐྱེན་ནམ་འཚོ་གནས་ཀྱི་ཁ་ཕྱོགས་མོག་པོར་གཏོང་བའི་ལག་དམར་བ་ཞིག་ཡིན། ངོ་གདོང་དེ་བདག་གི་ངོ་གདོང་ཡིན་ལ་ཁྱེད་ཚོའི་དམིགས་པའི་ངོ་གདོང་དེའང་ཡིན་སྲིད། ཞེ་སྡང་དང་འཁོན་འཛིང་གི་ངོ་གདོང་གསོན་པོ་དེ་ཕུ་ནུའི་མི་འདོད་པའི་ངོ་གདོང་དེ་ཡིན་མོད། རྩྭ་ས་དང་ཁང་ས། རྒྱུ་ནོར་དང་བརྩེ་དུང་གི་བསླུ་བྲིད་ཀྱིས་ངོ་གདོང་དེ་ལ་སྨོན་པ་བྱེད་ཀྱིན་ཡོད། ངོ་གདོང་དེ་ཐོབ་ཕྱིར་ཕུ་ནུའི་བརྩེ་དུང་གི་མདུད་པ་དཀྲོལ་བར་ཐེ་ཚོམ་མེད་ལ་མི་རྟག་པའི་རྒྱུ་ནོར་དེ་ཐོབ་ཕྱིར་ཕ་མ་ཡིན་ཡང་གསོད་མཁན་གྱི་ལག་དམར་བའང་ཡོད་སྲིད། ངོ་གདོང་དེ་ཐོབ་ཕྱིར་ཁྱེད་ཀྱིས་རང་ཉིད་ཀྱི་ངོ་གདོང་དེའང་བརྗེད་ཚར་བ་མ་ཡིན་ནམ།

   ངོ་གདོང་དེ་དག་བདག་གིས་མི་ཡུལ་ལ་བཀྲམ་པའི་ངོ་གདོང་སྐམ་པོ་ཡིན། སྣུམ་པོ་ཡིན། དཀར་པོ་ཡིན། ནག་པོ་ཡིན། དམར་ནག་དང་སྔོ་ནག་ཡིན། ངོ་གདོང་དེ་དག་མདོག་འགྱུར་བའི་ངོ་གདོང་ཡིན་པར་མ་ཟད་ཡིད་རྟོན་མེད་པའི་ངོ་གདོང་མཐུག་པོ་ཡིན། ངོ་གདོང་དེ་དག་ཐོབ་ཕྱིར་འཚོ་ན་ངོ་གདོང་དེ་དག་ཅིས་ཀྱང་ཚལ་བར་གཤེགས་དགོས། ཕྱི་གསལ་ནང་གསལ་གྱི་གསང་ཁུག་བསློགས་ནས་རང་ཉིད་འཚོང་དགོས། གསལ་ལྷང་ལྷང་གི་ངོ་གདོང་དཀར་པོ་ད་གཟོད་ཁྱེད་ཀྱིས་ངོ་གདོང་ཡིན། ངོ་གདོང་དཀར་པོ་གཅིག་མ་གཏོགས་མེད་པའི་ངོ་གདོང་དེ་ལ་གཅེས་འཛིན་བྱོས། དེ་ནི་བདག་གིས་མདོག་འགྱུར་བའི་ངོ་གདོང་དག་ལ་བསླངས་པའི་མཐའ་མཇུག་གི་ཁ་ཆེམས་ཡིན། ངོ་གདོང་གཅིག་པུ་ནི་ཚེ་སྲོག་དང་འདྲེས་པའི་དྭངས་གཙང་གི་རྫ་ཆུ་ནང་བཞིན་ལྷད་མེད་ཡིན་པས་བདག་གི་སེམས་པ་མཚོན་ཕྱིར་རོ།།

ངོ་གདོང་ནི་མདོག་འགྱུར་བའི་ངོ་གདོང་ཡིན། རང་ཉིད་དང་འཚམ་པའི་ངོ་གདོང་དེ་འཚོལ་ཕྱིར་ངོ་གདོང་མང་པོ་མི་བརྗེ་རོགས། དོན་དམ་དུ་རང་ཉིད་ལ་དབང་བའི་ངོ་གདོང་གཅིག་མ་གཏོགས་མེད་པས་གཅེས་འཛིན་བྱོས་ཤིག བདག་གི་ངོ་གདོང་ལགས།

  • ལེ་ཚན་སྔོན་མ།:ཁྱེད་ཚོ་བདེ་མོར་ཕེབས་རོགས།
  • ལེ་ཚན་རྗེས་མ།:ང་རང་རྟ་ཕོ་སྲབ་མེད་ཅིག་ཡིན་ན།