ཁྱེད་ཚོ་བདེ་མོར་ཕེབས་རོགས།

པདྨ་ལྷ་མཛེས།        2020-04-14

    མཚན་མོ་འདིར་ཐོལ་དུ་ཙག་རླུང་ཆེན་པོ་ལྡང་བས་རི་ཆུ་རླུང་གིས་དེད་འགྲོ་བར་དོགས་ཏེ་སེམས་ཁྲལ་བའི་སྐྱབས་འགྲོ་འགའ་རེ་འདོན་ཀྱིན་བསྡད་ཡོད། ཁྱེད་ཀྱང་ང་ལྟར་བསྡད་ཡོད་དམ། དུས་འདིར་རི་ཆུའི་མཛེས་སྡུག་གཞོམ་པར་ཉེ་བས་བདེ་མོ་ཡིན་སྲིད་ཀྱི་མ་རེད། དཀོན་མཆོག་མཁྱེན། མིག་ལམ་དུ་བསྟར་བའི་གྲངས་འདས་ཀྱི་སྐར་ཕྲན་བཀྲམ་ཡང་། དོན་ངོ་མར་རླུང་གིས་ཁྱེར་དོགས་དང་ཟླ་བས་ཁྱུར་མིད་བྱེད་དོགས་དེས་ཁེར་རྐྱང་གི་ཟུག་གཟེར་མངོན་གསལ་དུ་འབུར་འདུག སྒོ་ཁྱིའི་ཟུག་སྐད་དེས་ཀྱང་ནང་རོལ་གྱི་དྲན་གདུང་ཞིག་ཕྱི་རུ་འཐེན་གྱིན་ཡོད་ཨང་།

    ཀྱེ་མ། ལག་པའི་མཛུབ་མོ་བཀར་ཏེ་རྩིས་ཤིག་རྒྱབ་ན་ལོ་དེ་འདས་ནས་ལོ་ངོ་བཅུ་སོང་ཟིན། ལོ་བཅུའི་ནང་རི་ཆུའི་གསོན་མདངས་ཤོར་མྱོང། ལུག་ཁྱུ་སྤྱང་ཀིས་དེད་མྱོང། སྦྲ་ནག་འདིའང་རླུང་གིས་སྤུར་ལ་ཉེ་མྱོང། ཁྱེད་ཚོའང་མཁའ་ཡི་སྐར་ཕྲན་བཞིན་མུན་ཡུལ་དེ་ནས་ཁེར་འཁྱམས་བྱས་ཨེ་མྱོང། ལོ་བཅུའི་ནང་ཐོག་བརྩེགས་ནི་ཇེ་མང་ཇེ་མཐོར་གྱུར། སྲང་ལམ་ནི་རྒྱ་ཇེ་ཆེར་གྱུར། འཚོ་བའང་དུས་ཀྱི་འགྲོས་དང་བསྟུན་ནས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཚོ་མེད་པའི་དུས་ལ་དགའ་རབས་དང་སྐྱིད་རབས་ཧ་ཅང་གླེང་དཀའ། གལ་ཏེ་ཁྱེད་ཚོ་ཡོད་ཚེ་ཕ་བུ་མཉམ་འཛོམ་དང་ནང་མི་ལྷན་འཛོམ་ཡིན་པས་བདེ་སྐྱིད་ཟེར་ཡའི་བྲོ་བ་འདི་སེམས་དང་རུས་པའི་གཏིང་ནས་མྱོང་ཐུབ་ངེས། ད་ལྟ་ཁྱེད་ཚོ་མེད་པའི་སྐབས་འདིར་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་བྱམས་ཀྱི་སྙོམས་མངའ་བའི་རོགས་སྐྱོར་དང་ཐུགས་ཁུར་བྱས་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཡང་། ཁྱེད་ཚོ་དྲན་པའི་གདུང་བ་ནི་སེལ་ཐབས་ག་ལ་མཆིས།

དོ་དགོང་གི་ཙག་རླུང་ལྷག་ཏུ་བཙན་དོན་ཅི་ཡིན་ནམ། སྒེའུ་ཁུང་ངོགས་སུ་ལངས་ཙམ་བྱས་པར་གཟུགས་པོར་འཁྱག་སོབ་སོབ་དང་གྲང་རེག་རེག་གི་འགྱུ་བ་སྟེར་ཡོང་། རེད་རེད། ཤེས་སོང་། འདི་ནི་རང་བྱུང་ཁམས་ཀྱིས་ཁྱེད་ཚོ་ལ་སྙིང་སྐྱོ་བའི་མྱ་ངན་ཞུ་བཞིན་ཡོད་པས་རེད། ལོ་དེའི་ཞོགས་པར་ཁྱེད་ཚོ་ནམ་རྒྱུན་དང་འདྲ་བར་སོ་སོའི་མལ་ཁྲིའི་སྟེང་ནས་རྣམ་པར་དག་པའི་རྨི་ལམ་རྨི་བཞིན་ཡོད་ངེས་ཏེ། རྨི་ལམ་ནང་ཕྱོགས་བཞི་མེ་ཏོག་གིས་རྒྱན་པའི་སྦྲ་གུར་ནང་ཕ་མ་སྤུན་མཆེད་དང་མཉམ་དུ་དར་དཀར་པོའི་རྟེན་འབྲེལ་འགྲིག་པའི་ཆང་དང་། ངག་སྙན་མོར་འགྱུར་ཁུགས་ཆགས་པའི་གླུ། ཟས་ལོངས་སྤྱོད་ཀླུ་ཡུལ་འགྲན་པའི་དགའ་སྟོན་གྱི་དཔལ་ལ་རོལ་བར་རྨིས་ཡོད་དམ།  གནའ་མི་བོད་ཀྱི་གཏམ་དཔེ་ལ། མི་རྒན་ཤི་ཁ་འཛུམ་དམུལ་དམུལ།། ཨ་ཉོག་ངུ་ཁ་བགད་འཚེར་འཚེར།། ཁྱེད་ཚོ་ལའང་རྨི་ལམ་ཞིམ་པོ་ཞིག་རྨིས་ཡོད་ངེས། ཨོཾམཎིཔདྨེཧཱུཾ། དུས་དེར་ས་ཡོམ་ཆེན་པོ་ཞིག་གིས་ཁྱེད་ཚོ་དངོས་སུ་རྨི་ལམ་གཞན་པ་ཞིག་གི་བྲག་རོང་དུ་ཁྲིད་སོང་། བསམ་དབང་བྲལ་བའི་སྐད་ཅིག་མ་དེར་ཁང་བརྩེགས་བརྡེབས་ཏེ་ཁྱེད་ཚོའི་མགོ་བཙིར་ལག་བཅད་བྱས་ཤིང་། ནང་ཁོག་ཧྲུག་ཆག་ཏུ་བཏང་། དམར་ཁྲམ་ཁྲམ་གྱི་ཁྲག་གིས་སྦངས་པའི་གཟུགས་པོ་ནི་ཁྱེད་ཚོའི་ཆེས་མཐའ་མཇུག་གི་རྣམ་པ་དེ་ཡིན།  ཁྱེད་ཚོའི་ཕ་མ་དང་བུ་རྒྱུད། གྲོགས་ཉེ་འབྲེལ་ཀུན་པོས་ཁྱེད་ཚོའི་མིང་ནས་ཡང་ཡང་བཟློས་པར་ཁྱེད་ཚོས་ཐོས་པ་ཨེ་བྱུང་། ཁོང་ཚོར་དང་ཐོག་ས་རྐོ་རྡོ་སློག་བྱེད་པའི་ལག་ཆ་མེད་པས་ལག་པ་གཉིས་པོར་ཁྲག་འཛག་ཅིང་འགུལ་བར་མི་སྤོབས་པའི་བར་དུ་ཞིག་རོ་ཁ་ཕྱེ་སྟེ་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་མི་རྣམས་འཚོལ་གྱིན་ཡོད་པ་མཐོང་བ་ཨེ་བྱུང་།  ཁྱེད་ཚོ་བཞུད་འགྲོ་བའི་དུས་དེར་ནམ་མཁའ་ཐལ་བས་སྦགས་ཤིང་འགྲམ་ངོགས་ཀྱི་ཁོར་ཡུག་དེས་ཞེ་སྐྱོ་བའི་མིག་ཆུ་ཤུམ་ཤུམ་བཞུར་གྱིན་ཡོད་པར་ཧ་ཅང་རིགས། སྐབས་དེར་རྒྱལ་ཁབ་ཕྱི་ནང་ཡོངས་ཀྱིས་ཡུལ་འདིར་གཟིགས་སྐྱོང་གནང་ཆེད་གནས་སོ་སོའི་དབུ་ཁྲིད་དང་རང་འདུན་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་བསླེབས་ཤིང་། བཟའ་ཆས་དང་གྱོན་ཆས། སྦྲ་གུར་དང་བཅས་འཚོ་བའི་ཡོ་བྱད་མང་པོ་སྐྱེལ་ཞིང་། རྨས་སྐྱོན་ཕོག་པའི་ཁྱེད་ཚོའི་ནང་མི་གྲོང་ཁྱེར་སོ་སོར་སྨན་བཅོས་སུ་ཁུར་བས་སྲོག་མགོ་ཐོན་སོང་། འདིའི་བཀའ་དྲིན་གསོན་པོར་འཚོས་པའི་ངེད་ཚོས་ཤེས་དགོས་ཤིང་། ཁྱེད་ཚོས་ཀྱང་མཁྱེན་ཡོད་པར་ཤོག

    གནམ་སའི་བར་ཁམས་ནས་སྨྱོ་འཁྱམ་བྱེད་ཀྱིན་པའི་ཙག་རླུང་འདི་དུས་འདིར་ཅུང་ཟད་འཇགས་པར་གྱུར། དུད་ཚང་རེ་རེའི་གློག་སྒྲོན་ཡང་རིམ་བཞིན་ཕྱི་རུ་སྦར་བས། མཛེས་ཉམས་ཤིག་མིག་དབང་དུ་འཕྲོས་ཡོང་། ལོ་བཅུའི་སྔོན་ཁྱིམ་ཚང་གི་གཡས་གཡོན་མདུན་རྒྱབ་ནི་ས་སྟོང་ཡིན་པས་རླུང་ཤུར་བུ་ལྡང་ས་ལས་དཀར་སེར་དམར་བའི་གློག་སྒྲོན་ནི་ག་ལ་ཡོད། ད་ལྟ་གློག་སྒྲོན་ཡོད་པར་མ་ཟད་རྡོ་བརྩེགས་མིན་པའི་ཨར་འདམ་ཐོག་བརྩེགས་ཀྱང་མང་དུ་སོང་ཡོད། ཁྱེད་ཚོས་མཐོང་བ་ཨེ་བྱུང་། མཐོང་མ་སོང་ན། ངས་རིམ་བཞིན་ཞུའོ།།

    དེ་ཡང་། སྡུག་མུན་པ་འཁྲིགས་པའི་དུས་ཡོད་ན་སྐྱིད་ཉི་མ་ཤར་བའི་དུས་ཤིག་ཡོད་ཅེས་པ་ལྟར་རྒྱལ་ཡོངས་ཕྱི་ནང་ཀུན་གྱིས་བརྩེ་བའི་བདུད་རྩི་ཡུལ་དུ་བྱོ་ཞིང་འབངས་མི་དམངས་ཀུན་གྱིས་དཀའ་སྡུག་སྙིང་རུས་སྤྱད་པ་དེས། ལོ་རེ་ལ་ཡར་ངོའི་འཕེལ་རྒྱས་ཤིག་དང་དུས་བཞི་རེ་ལའང་འགྱུར་ལྡོག་རེ་གཏོང་གིན་ཡོད། ཁྱེད་ཚོས་གཟིགས་དང་། རྣམ་པར་ཕྱུག་པའི་ཡུལ་ཤུལ་ཁུལ་དངོས་མང་བཤམས་སྟོན་ཁང་འདིའི་ནང་ང་ཚོ་ཡུལ་ཤུལ་བའི་སྲིད་འབྱོར་རིག་གསུམ་གྱི་ཆགས་ཚུལ་མངའ་བས་སྙིང་ལ་ཤིན་ཏུ་རྗེ་ཞིང་། མངོན་པར་བརྗིད་པའི་གེ་སར་འདུ་ཐང་དང་དེའི་བཤམས་སྟོན་ཁང་དེས་ང་ཚོ་ཡུལ་ཤུལ་བའི་གེ་སར་རིག་གནས་ཕྱི་རུ་བསྒྲགས་ཀྱིན་པས་སེམས་པའི་དཔལ་ཡོན་རབ་ཏུ་མཚོན་པར་བྱས་ཡོད། ད་དུང་མ་ཎིས་ཡིད་སེམས་དད་སའི་རྒྱ་ནག་མ་ཎི་ནི་སྔར་ལས་རྒྱ་ཆེ་ཞིང་འགྲོ་ལམ་བདེ་བར་བསྐྱེད་ཡོད། ཆོས་མདོང་དང་མཆོད་རྟེན། ཚོན་སྒྲོན་དང་དར་ལྕོག་སོགས་མང་དུ་སོང་བས་ཞིང་ཁམས་བཅོས་མིན་ཞིག་གི་རྗེས་སུ་འགྲོ་བཞིན་ཡོད།  མ་ཚད་སྔོན་མའི་བཟོ་བསྐྲུན་དང་གཅིག་མཚུངས་མིན་པའི་བོད་བཟོའི་ཁང་བ་དང་ཐོག་བརྩེགས་རེ་རེའི་མཛེས་སྡུག་ནི་ལྕེ་བརྒྱ་ཡོད་ཀྱང་མཚོན་ཐབས་དབེན་པར་འགྱུར་འགྲོ། ལྷག་པར་ཁྱེད་ཚོར་ཞུ་རྒྱུ་ནི། ཁྱེད་ཚོ་རྗེས་དྲན་དང་རོགས་སྐྱོར་གནང་མཁན་གྱི་བདག་ཉིད་ཆེན་པོ་དག་ལ་ཐུགས་རྗེ་ཞུ་ཆེད་ཡུལ་ཤུལ་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་ཞིག་གསར་འཛུགས་བྱས་ཡོད་དེ། དེའི་ནང་ཁྱེད་ཚོའི་ཆེས་མཐའ་འཇུག་གི་རྣམ་པ་ཡོད་ཅིང་ཆེས་སྙིང་དུ་ཉེ་བའི་མི་ཡུལ་གྱི་བརྩེ་བ་དེའང་ཡོད། ཀྱེ་མ། ཁྱེད་ཚོས་མཐོང་ཚེ་དགའ་སྐྱོ་མཉམ་ཟུང་གི་ཚོར་བ་ཕྱུང་སྲིད་ཨང་།

    ལོ་བཅུ། མི་ལོ་བཅུ། འདིའི་ནང་ཕྱིན་ང་ཚོའི་ཕ་ཡུལ་འདིར་འགྱུར་ལྡོག་མངོན་སུམ་ཞིག་ཐོན་ཡོད། ཁྱེད་ཚོས་མཐོང་བར་ཨེ་བྱུང་། སློབ་གྲྭའི་རྩལ་སྦྱོང་ར་བ་ཆེ་རུ་སོང་ལ་རིག་པའི་གནས་ལྔར་བྱང་ཆུབ་པའི་དགེ་བའི་བཤེས་གཉེན་མང་དུ་སོང་བར་མ་ཟད། ཅོག་ཙེ་དང་རྐུབ་སྟེགས། སྨྱན་མང་གཟུགས་དང་གྲིབ་སྟོན་འཕྲུལ་ཆས་སོགས་སློབ་སྦྱོང་གི་ཡོ་བྱད་ལེགས་སུ་སོང་ཞིང་། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བྱམས་སྐྱོང་འོག་སློབ་འབྲིང་སྐབས་སུ་པེ་ཅིང་དང་ལིའོ་ཉིང་། ཞང་ཀང་སོགས་སུ་སློབ་གཉེར་བྱེད་པའི་གོ་སྐབས་ཀྱང་བསྐྲུན་ཡོད་པར་མ་ཟད། མཐའ་ན་སློབ་ཆེན་འགྲིམ་དུས་ཀྱང་ཡུལ་ཤུལ་ཕྱོགས་གཏན་འཛིན་གྲྭ་ཞེས་ཁེར་དུ་བཀོལ་དེ་སློབ་ཆེན་པ་གྲངས་མང་གསོ་སྐྱོང་བྱེད་ཀྱིན་ཡོད་པས། མ་འོངས་པའི་ཡུལ་ཤུལ་ནི་ཤེས་རིག་གི་འཇའ་ཚོན་བཀྲ་བའི་གཞལ་ཡས་ཁང་ཞིག་ཡིན་ངེས། ད་དུང་། ཁྱེད་ཚོས་རྒྱ་ཆེ་བའི་ལམ་ཆེན་དེ་མཐོང་སོང་ངམ། སྤྱིར་ལམ་ནི་ཡུལ་ཞིག་གི་སྲོག་ཤིང་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་འགྲོ་བྱེད་ཀྱི་གཤོག་ཟུང་ཡིན། ལམ་ནི་ཡུལ་ཞིག་གི་རྣམ་ཤེས་ཡིན་ལ་འཛམ་གླིང་མིག་ལམ་དུ་འདྲེན་པའི་སྒྲོན་མེ་ཡིན། ད་ལྟའི་ཡུལ་ཤུལ་ལ་ཕྱོགས་ཀུན་དུ་འཕྲོད་པའི་གཞུང་ལམ་ཡོད་ལ། གནམ་གྲུ་འཕུར་བསྐྱོད་བྱ་སའི་བབས་ཐང་ཡང་ཡོད་གཤིས།  རྒྱལ་ནང་དང་རྒྱལ་སྤྱིའི་ཡུལ་སྐོར་བ་མང་པོ་ཟམ་མི་ཆད་པར་གནས་འདི་རུ་ཕེབས་ཀྱིན་ཡོད་དེ། ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ནམ་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་རྣམ་པར་ཕྱུག་པའི་འགྲོས་ལུགས་འདི་ལྷག་ཏུ་མངོན་སུམ་དུ་གྱུར་ཡོད། འདི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྟེ་སྐྱིད་ཉི་མ་ཤར་བའི་རྣམ་པའང་ཅིས་མ་ཡིན།  མ་ཚད། ད་དུང་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་། མི་ལུས་འགན་བཅོལ་དང་ཕྱུགས་ལས་འགན་བཅོལ།  རྒན་གསོ་ཁང་དང་རྒན་གསོའི་ཐེབས་རྩ་ལྟ་བུ་འཐུས་སྒོ་ཧ་ཅང་ཚང་བས་དུད་ཚང་གི་འཚོ་བའང་ཉིན་རེ་བཞིན་བསྟུན་མར་གོང་འཕེལ་འགྲོ་བཞིན་ཡོད་ལ། ཆབ་སྲིད་དང་ཁྲིམས་ལུགས་ཀྱང་མི་སེམས་འགུག་པའི་དམངས་གཙོ་ཡིན་རྐྱེན་དཔལ་ཡོན་འཛོམས་པའི་མཁའ་དབུགས་ཤིག་ཡུལ་ཤུལ་གྱི་བར་སྣང་དུ་གསལ་ཡོད་པར་ཁྱེད་ཚོས་ཚོར་བར་ཨེ་བྱུང་། འདི་ནི་ད་ལྟའི་ཡུལ་ཤུལ་ཡིན་ཏེ། མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ཤུལ་དེ་ཡིན། གལ་ཏེ། ཁྱེད་ཚོ་ད་ལྟ་བཞུགས་ཡོད་ཚེ། ཡུལ་ཤུལ་འདི་ལྷག་ཏུ་མཛེས་ཤིང་མི་སེམས་འདིའང་ལྷག་ཏུ་བདེ་སྐྱིད་ཀྱིས་རྒྱན་སྲིད་ཨང་།

    ཨ་ཙི། ཕྱི་དྲན་གྱི་ཤུལ་དུ་དུས་ཚོད་འགའ་ཞིག་འགོར་ཟིན། ཕྱིའི་ཙག་རླུང་འདི་འཇགས་པར་གྱུར་ཞིང་། སྒོ་ཁྱི་འདིའང་རྨི་ལམ་གྱི་ཞིང་དུ་བྲོས་སོང་བ་འདྲ་ལ། ནམ་མཁའི་སྐར་ཕྲན་འདིའང་སྔོན་མ་དང་མི་འདྲ་བར་འོད་འཚེར་འཚེར་བྱེད་ཀྱིན་གདའ། ཁྱེད་ཚོའང་ཡུལ་དེ་ནས་མེ་ཏོག་གི་དྲི་ངད་སྣམ་གྱིན་བསྡད་ཡོད་དམ། ངས་འདི་ནས་ཁྱེད་ཚོར་བཀྲ་ཤིས་པའི་སྨོན་ལམ་འདེབས་ཀྱིན་ཡོད། དེ་བས་ཁྱེད་ཚོ་བདེ་མོར་ཕེབས་རོགས་ཞུ། ཁྱེད་ཚོའི་ཕ་ཡུལ་ཡུལ་ཤུལ་ཏེ། གྲོང་ཁྱེར་གཞན་དང་མི་རིགས་གཞན་པ་དང་འདྲ་བར་གསོན་ཤུགས་རྒྱས་ཀྱིན་ཡོད་ལ། ཁྱེད་ཚོའི་རྗེས་རབས་གྱུར་བའི་ང་ཚོས་ཀྱང་རིག་པའི་གནས་ལ་བརྩོན་ཞིང་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱིན་ཡོད། དེ་བས། ཁྱེད་ཚོས་ང་ཚོའི་སླད་དུ་སེམས་ཁྲལ་མེད་པར་མཁྱེན།  གལ་ཏེ། སྐྱེ་བ་ཕྱི་མ་ཞེས་པ་ཞིག་ཡོད་ཚེ། ང་ཚོ་སླར་ཡང་མཇལ་འཕྲད་ཐུབ་པའི་སྨོན་འདུན་ཞུ།

    མཚན་མོ་འདི། ང་དང་ཁོང་ཚོར་དབང་བའི་མཚན་མོ་ཡིན་ཞིང་། ཡུལ་ཤུལ་དང་ཡུལ་ཤུལ་མི་དམངས་ལ་དབང་བའི་མཚན་མོའང་ཅིས་མ་ཡིན། མུན་དོག་གི་ལོ་དེ་འདས་ནས་ཏག་ཏག་ལོ་བཅུ་སོང་ཟིན། ལོ་བཅུའི་འགྱུར་ལྡོག་འདི་ཡིག་འབྲུ་རེ་གཉིས་ཀྱིས་མཚོན་པར་ག་ལ་ནུས། འོན་ཏེ་མངོན་སུམ་གྱུར་བའི་ཡུལ་དང་ཁོར་ཡུག་གིས་ཐམས་ཅད་ལ་གསལ་བཤད་བྱེད་ཀྱིན་ཡོད་ལ། བསྐྱར་དུ་གསོན་པའི་རི་ཆུ་ནགས་གསུམ་གྱི་མཛེས་པ་དེས་ཀྱང་འགྲེལ་བཤད་ཡང་དག་ཅིག་བྱེད་ཀྱིན་ཡོད། དེ་བས། གཙང་གསུམ་གྱི་འབྱུང་ཁུངས་གྱུར་བའི་ཡུལ་ཤུལ་གྱི་ད་ལྟ་དང་འབྱུང་འགྱུར་ནི་མཛེས་སྡུག་མཚར་སྡུག་སྙིང་སྡུག་སྟེ། སྡུག་གསུམ་འཛོམ་པའི་ཐ་སྙད་ཀྱིས་འགྲེལ་བ་བྱེད་ཆོག་པར་གདོན་མི་ཟ་བས། ད་ནས་བཟུང་། ལུ་གུ་སྤྱང་ཀིས་དེད་མི་ཐུབ་ལ་སྦྲ་ནག་དེའང་རླུང་གིས་ཁྱེར་ག་ལ་ཐུབ། དེ་བས། ལུག་རྫི་མགོ་འཕང་མཐོ་མཐོ་དང་བདག་མོ་སྣང་བ་སྐྱིད་སྐྱིད་ཡིན་པ་ནི་དེ་རིང་གི་ལེའུ་ཡིན་ཞིང་། འབྱུང་འགྱུར་སྨྲ་བའི་མ་འོངས་པའི་སང་ཉིན་ནི་དགའ་སྤྲོ་སྐྱིད་གསུམ་ཡིན་པར་སྨོས་མ་དགོས་སོ།།

           


  • ལེ་ཚན་སྔོན་མ།:ལོ་ཟླ་བཞུད་སོང་།
  • ལེ་ཚན་རྗེས་མ།:བདག་གི་ངོ་གདོང་།