ཕ་ཡུལ།

ཤར་ཚ།        2019-09-23


    ཕ་ཡུལ་ནི་མཐོ་སྒང་གི་དབུ་ཐོད་དུ་རྒྱན་པའི་ཐོར་ལྕོག་སྟེ་དགུང་སྔོན་དང་ཆེས་ཁ་ཐག་ཉེ་སའི་ཉི་མའི་གྲོང་ཁྱེར་དེ་ཡིན། ཕ་ཡུལ་ནི་སེམས་ཀྱི་ཟབ་ས་ན་འཁྱིལ་བའི་མཚོ་མོ་སྟེ་བརྩེ་བ་དང་དྲོ་སྐྱིད་ཀྱི་ངང་ཆུང་རྩེན་ས་དེ་ཡིན། ཕ་ཡུལ། དགུན་གསུམ་གྱི་བུ་ཡུག་ཁྲོད་འབར་བའི་དྲོད་ལྷང་ལྷང་གི་ཐབ་ཀའི་མེ་ཕུང་དེ་དང་དབྱར་དུས་ཀྱི་དྲག་ཆར་ཀློང་ཕུབ་པའི་སྐམ་ཐིང་ཐིང་གི་སྦྲ་ཡི་ཀླད་ཁྱིམ་དག་ཡིན། མཁའ་ལྟར་ཡངས་པའི་ཁྱེད་ཀྱི་བློ་རྒྱ་ནི་ཁྱིམ་སྦུག་གི་ནག་མོ་ཚོའི་སྡུག་ཡུས་བྱོ་ས་ཡིན་ལ་བལ་ལྟར་འཇམ་པའི་ཁྱེད་ཀྱི་ངང་རྒྱུད་ནི་ས་མཐའི་འཁྱམས་པོ་ཚོའི་མིག་ཆུ་འབྱིད་ས་ཡིན། ཁྱེད་ཀྱི་བློ་སྤོབས་དགུང་ལྟར་མཐོ་བས་སྒལ་རུས་ཆག་ཀྱང་ས་ལ་མི་དགྱེལ་མི་སྲིད་ལ། ཁྱེད་ཀྱི་སྙིང་རུས་བྲག་ལྟར་སྲ་བས་ལོ་ན་རྒས་ཀྱང་གོམ་འགྲོས་ཆད་མི་སྲིད། ཡང་ན། རི་ཚོགས་དང་སྨུག་ལོང་གི་ཁྲོད་ན་གོམ་ཁ་འཁྱོར་བཞིན། ལོ་ངོ་སྟོང་ཕྲག་གི་རལ་པ་ཐོར་ལྕོག་ཏུ་དཀྲིས་ཏེ། འབྲོང་ཁྱུ་ཤར་ཤུལ་གྱི་རྫ་ལམ་ན། སྡུག་རུས་ཀྱི་ཨམ་གཙིགས་བསྡམས་ནས་ཡོང་མཁན་དེ་ཡིན།


    ཕ་ཡུལ་གླེང་ན་རྩྭ་ཐང་གླེང་དགོས་ཤིང་འབྲོང་རྒོད་དང་སྦྲ་ནག་ཀྱང་གླེང་དགོས་པས། ཕ་ཡུལ་ནི་འབྲོང་རྒོད་ཀྱི་སུག་བཞིས་བཅགས་པའི་རྩྭ་ཐང་ཡངས་པོ་དེ་དང་། དེའི་དབུས་ན་བརྗིད་ཀྱིས་འགྱིང་བའི་སྦྲ་རྒན་དུ་བ་ཅན་དེ་ཡིན། ཕ་ཡུལ་གླེང་ན་ཕ་མ་གླེང་དགོས་ཤིང་ཡུལ་མི་དང་སྤུན་མཆེད་ཀྱང་གླེང་དགོས་པས།ཕ་ཡུལ་ནི་གཉེན་ཉེའི་ལག་ལྡང་གིས་སྐོར་བའི་ལྡུམ་ར་ཆེན་པོ་དེ་དང་། དེའི་དབུས་ན་བཞད་པའི་སེར་ཆེན་ལྟ་བུའི་ཕ་མའི་འཛུམ་མདང་དེ་ཡིན། ཕ་ཡུལ་གླེང་ན་མི་ཆོས་གླེང་དགོས་ཤིང་བྱམས་སེམས་དང་སྙིང་རྗེ་ཡང་གླེང་དགོས་པས། ཕ་ཡུལ་ནི་བྱམས་བརྩེ་དང་སྙིང་རྗེས་གྲུབ་པའི་དཔུང་ཚོགས་ཆེན་པོ་དེ་དང་དེའི་མཁའ་ན་འཕྱོ་བའི་ལྷག་བསམ་གྱི་དར་ཆེན་ལྷབ་ལྷུབ་དག་ཡིན། ཕ་ཡུལ་གླེང་ན་འཕེལ་རྒྱས་གླེང་དགོས་ཤིང་དུས་རབས་དང་དཔལ་འབྱོར་ཡང་གླེང་དགོས་པས། ཕ་ཡུལ་ནི་དུས་རབས་ཀྱི་མཁའ་དབྱིངས་ན་ལྡིང་བའི་འཕེལ་རྒྱས་ཀྱི་བསིལ་རླུང་ཡང་མོ་དེ་དང་། དེས་བཏེགས་པའི་དཔལ་འབྱོར་གྱི་གཤོག་ཟུང་ཆེན་པོ་དེ་ཡིན།


    རེ་ལྟོས་ཀྱི་མིག་ཟུང་མདུན་དུ་ཕྱོགས་ཤིང་། དྲན་དུང་གི་སེམས་པ་ནང་དུ་བསྐུངས་ན། རེ་ལྟོས་དང་དྲན་དུང་གི་ཀློང་ན་ལྡིང་བའི་ཕ་ཡུལ། བརྩེ་བ་དང་དད་པའི་དབུས་ན་འཚོ་བའི་སྤུན་ཟླ། དུས་རབས་ཀྱི་པང་ཁུད་ན་རྩེ་བའི་བྱིས་པ་དེ་ཅིས་མ་ཡིན། དུས་བཟང་གི་སྦྲང་ཆར་སིལ་མར་བབས་ན་ཁྱོད་མེ་ཏོག་ལྟར་བཞད་དགོས། དུས་ངན་གྱི་རླུང་བུ་འཚུབ་མར་ལྡང་ན་ཁྱོད་རི་རབ་ལྟར་ལྷིང་དགོས། ཉི་འོད་ཀྱི་ཚ་བས་ཇེ་ཆེར་འཕེལ་ན་ཁྱོད་རྡོ་བ་ལྟར་མཁྲེགས་དགོས། སེར་དྲག་དང་ཤྭ་འོད་ཀྱིས་འབྱུང་བ་འཁྲུག་ན་ཁྱོད་ཉ་མོ་ལྟར་འཁྱུག་དགོས། ལོ་ངོ་ཁྲི་སྟོང་གི་དུས་ཡུན་རིང་མོར། ལས་དབང་གིས་ཁྱོད་ལ་རྩེད་མཚར་སྣ་ཚོགས་བྱས་ཤིང་། བསྐལ་པ་བརྒྱ་ཕྲག་གི་གོམ་བགྲོད་དབུས་ན་ཁྱོད་ཀྱི་ལང་ཚོར་དར་རྒུད་ཀྱི་རྟགས་རིས་སྣ་ཚོགས་ཕབ།


    བགྲང་བྱ་མང་པོའི་གཉེར་རིས་ཀྱི་ཁུག་པ་ན། རྔུལ་ཆུ་དང་ངལ་དུབ་ཀྱིས་སྦྲིད་པའི་ཨ་མེས་ཚོ། དབུལ་ཕྱུག་དང་བཙན་སྙོམས་ཀྱི་བར་ཐག་མ་སྙོམས་གོང་ལང་ཚོ་ཟད། རེ་བ་དང་ཕུགས་བསམ་གྱི་འོད་སྣང་མ་ཤར་གོང་ལུས་ཟུངས་རྒུད། རྨི་ལམ་དང་དོན་དངོས་ཀྱི་གསལ་ཁ་མ་བྱེད་གོང་ཉི་མ་ཤར། འདི་ལྟར་དུས་ཀྱི་བགྲོད་རིམ་ཀྱི་རྡོག་འོག་ན། ཁྱོད་ཀྱི་ལང་ཚོ་ནི་རྩ་རྩེའི་ཟིལ་པ་ལྟར་ཉམས་སླ་ཞིང་། ཁྱེད་ཀྱི་ཕུགས་བསམ་ཀྱང་རླུང་ཁྲོད་མར་མེ་ལྟར་འཇོམས་སླ། འོན་ཏེ། ཁྱེད་ཀྱིས་རེ་བ་བོར་མེད། ཕུགས་བསམ་བརླགས་མེད།མིག་ཟུང་བཙུམ་མེད། གོམ་བགྲོད་ཆད་མེད།


    དུས་རླུང་ངེས་མེད་དུ་ལྡང་བའི་ནམ་ཟླའི་མཐུ་འོག་ན། ཁྱོད་ཀྱི་སེམས་ཁོངས་ཀྱི་མར་མེ་ཞི་ལ་ཁད་དུ་གྱུར་ཅིང་། རེས་གྲང་རེས་འཐིབས་ཀྱི་ནམ་ཟླའི་འགྱུར་བག་ཁྲོད་ཁྱོད་ཀྱི་རེ་བའི་མེ་ཏོག་སད་འཁྱགས་ཀྱི་མཆེ་བར་དུ་ཤོར་ལ་ཉེ། གདུག་རྩུབ་ཀྱི་རླུང་དམར་བར་མེད་དུ་ལྡང་ཞིང་། རྙིང་ཞེན་གྱི་བུ་ཡུག་ཆད་མེད་དུ་གཡུག་དུས། ཁྱོད་ཀྱི་མིག་ཟུང་ལས་ཕུགས་འདུན་གྱི་ལམ་ཁ་མོག་མོག་ཏུ་གྱུར་ཅིང་། བག་འཁུམ་གྱི་མུན་པས་ཀུན་ནས་གཡོགས་ཤིང་ཀླ་ཀློའི་གཅན་གཟན་གང་སར་འདུར་དུས། ཁྱེད་ཀྱི་སེམས་ཁོང་དུའང་སྡུག་བསྔལ་དང་མིག་ཆུ་རི་བོ་ལྟར་བརྩེགས་མྱོང་ཨང་།


    འོན་ཏེ། ཉི་འོད་གསར་མའི་འོད་སྣང་འབར་མ་ཐག སློག་ཧྲུལ་ཀྱི་གསེབ་ནས་མིག་ཟུངས་ཐོག་མར་གདངས་མཁན་དེ་ཁྱེད་མ་ཡིན་ནམ། འཇིན་རྟེན་ཧྲིལ་པོའི་གོམ་ཁ་ཇེ་མྱུར་དུ་འགྲོ་དུས། མཐོ་སྒང་གི་བྲང་གཞུང་ནས་གོམ་ཁ་ཐོག་མར་སྤོ་མཁན་དེ་ཁྱེད་མ་ཡིན་ནམ། རང་ཁྱིམ་རང་བདག་གི་དཔྱིད་དཔལ་གང་སར་རྒྱས་དུས། རལ་པ་ཐོར་ལྕོག་ཏུ་དཀྲིས་ཏེ་དཔའ་གདེང་གི་དབྱངས་རྟ་ཐོག་མར་གྱེར་མཁན་དེའང་ཁྱེད་མ་ཡིན་ནམ། ཁྱོད་ཀྱིས་མདུན་ཕྱོགས་སུ་ལམ་ཁ་ཡོད་པར་ཡིད་ཆེས་བྱས་མྱོང་། ཕུགས་བསམ་རྨི་ལམ་མ་ཡིན་པར་ངེས་ཤེས་སྐྱེས་མྱོང་། ལྷན་ཐོག་ལྷན་བརྩེགས་ཀྱི་སློག་ཧྲུལ་གསེབ་ནས་ཁྱེད་ཀྱི་སེམས་ཁོང་གི་དྲོད་འཁོལ་མ་བོར་བར། ཡིད་ཆེས་དང་རེ་བའི་མེ་སྟག་ཕྲ་མོ་གྲང་ཅང་ཅང་གི་ཁོག་ཏུ་བཅུག་སྟེ། དཔའ་གདེང་དང་རེ་བའི་གོམ་ཁ་བཏེགས་ནས་སླེབས་བྱུང་། ཡིད་ཆེས་དང་སྙིང་སྟོབས་ཀྱི་དར་ཆེན་འཕྱར་ནས་ལྡིང་བྱུང་། གསར་གཏོད་དང་དང་ལེན་གྱི་སྒོ་མོ་ཕྱེ་ནས་ལྷགས་བྱུང་།


    སྨུག་སྤྲིན་གྱི་སྒོ་མོ་རིམ་གྱིས་ཕྱེས་ཏེ་དྲོ་སྐྱིད་ཀྱི་ཉི་མས་ས་ཆེན་ལ་ནེམ་ཤ་སྦྱིན་དུས། ཁྱོད་ཀྱི་སྙན་འཇེབས་ཀྱི་རྫི་གླུ་རིངས་པར་གྲགས་ཤིང་། དུས་རབས་ཀྱི་སྦྲང་ཆར་ཟིལ་མས་ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་སྔར་བས་འབར། ཤེས་དཔལ་དང་འབྱོར་ཕྱུག་གིས་གནམ་ས་དཀྲིགས་པའི་དབྱར་གཞུང་གི་ནམ་ཟླར། ཁྱེད་ཀྱི་བྲང་སྟེང་དུ་ནོར་ལུག་སྟོང་གིས་སྐྱིད་ཉལ་བྱེད་ཅིང་། རྫི་བོའི་མགྲིན་པ་ལས་གྲགས་པའི་གླུ་དབྱངས་སྙན་མོས་ཁྱེད་ཀྱི་ཡིད་སེམས་ཀུན་ལ་ཞིམ་མངར་གྱི་བདུད་རྩི་འབྱོ། ཚན་རྩལ་དང་རིག་གནས་ཀྱིས་རྒྱན་པའི་ཕ་ཡུལ། དཔལ་འབྱོར་དང་རེ་ལྟོས་ཀྱིས་འཚེར་བའི་ཕ་ས།ད་ནི་ཁྱེད་ཀྱི་རྨོངས་འཐོམས་དང་རྗེས་ལུས་ཀྱི་བསམ་པ་ཀུན་ནས་དོར་ཅིང་། རྗེས་ལུས་དང་ལྷན་ཐོག་ལྷན་བརྩེགས་ཀྱི་ནམ་ཟླ་སྔར་ནས་མཇུག་བསྒྲིལ་ཟིན་པས། ཁྱོད་ཀྱིས་རང་ནི་མཐོ་སྒང་འདིའི་སྤོ་ན་ཆེས་བདེ་སྐྱིད་དང་ལྡན་པའི་གཞོན་ནུ་ཞིག་ཡིན་ཞེས་གཅིག་མིན་དུ་སེམས་མྱོང་ཨང་།།

  • ལེ་ཚན་སྔོན་མ།:སུ་ཡིན། ཁྱེད་ཡིན། བོད་མི་ཞིག
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་གསར་བ། འཕེལ་རྒྱས་གསར་བ།