སུ་ཡིན། ཁྱེད་ཡིན། བོད་མི་ཞིག

ཙ་སུར་སྦྱིན་པ།        2019-09-20

    འུ་གཉིས་ད་རུང་མཇལ་འཛོམས་ཀྱི་གོ་སྐབས་ཡག་པོ་ཞིག་མ་བྱུང་རུང་། ལས་དང་སྨོན་ལམ་བཟང་བོ་ཞིག་གིས་སྐྱེ་བ་ད་ཐེངས་ང་རང་བོད་མི་ཞིག་ཏུ་སྐྱེས་པར་མ་ཟད། ཁྱེད་ལ་ངོ་ཐུག་ཅིང་ངོ་ཤེས་པ་ལས་ཀྱང་ཤ་འདྲིས་པགས་འདྲིས་སུ་གྱུར་ཅིང་རང་གི་གྲིབ་མ་བཞིན་སེམས་ཀྱི་ཟབ་ས་རུ་འཐིམ་པའི་ལས་བྱེད་ཀྱི་སྣེ་ཁྲིད་ལམ་བསྟན་ཏེ། བདག་གི་ཉིན་མཚན་ལ་དབྱེར་བ་མེད་པར་ཚེ་བླ་སྲོག་གསུམ་དུ་གྱུར་ཡོད་པའི་དྲན་ཤིང་ངོ་མ་ཡིན། སུ་ཡིན། ཁྱེད་ཡིན། བོད་མི་ཞིག  གཙང་བོ་བཞིན་དལ་མེད་ངལ་མེད་ངང་ཕྱོགས་བཞིའི་རྒྱལ་ཁབ་བདེ་ལ་འགོད་བཞིན་པའི་ཁྱེད་ཡིན། ཁྱེད་ནི་བདག་གི་ཚེ་བླ་སྲོག་གསུམ་ཡིན།

    སྣོད་ཀྱི་ཁོར་ཡུག་དང་བཅུད་ཀྱི་སེམས་ཅན་གང་ཡིན་ཡང་། འཚེ་མེད་དང་ཞི་བདེ་དངོས་གནས་པ་མཁོ་སྤྲོད་བྱ་མཁན་གྱི་བྱེད་པོ། ཁྱེད་ནི་གངས་རི་བའི་སོ་ཁར་ལངས་ཤིང་དཔའ་སྤོབས་དང་བརྗིད་ཉམས་ཀྱིས་ཆས་པའི་བདག་གི་ཡོད་ཚད། འཛམ་གླིང་སྤྱིའི་སྤྱི་ནོར་གསེར་གྱི་ཡང་ཞུན་དམ་པ། ཁྱེད་ནི་དངོས་ཡོད་དོན་ཡོད་ཀྱིས་ཕྱུག་ཅིང་མཛེས་པའི་མཚར་སྡུག་གིས་བཀྲ་བའི་བླ་མེད་ཀྱི་རིགས་བརྒྱའི་བདག་པོ་སྟེ། བདག་གི་གློ་སྙིང་མཆིན་གསུམ་དུ་གྱུར་ཡོད་པའི་དྲན་ཤིང་ངོ་མ་ཡིན། སུ་ཡིན། ཁྱེད་ཡིན། བོད་མི་ཞིག  གཙང་བོ་བཞིན་ལྷད་མེད་དྭངས་གཙང་གི་སེམས་ཀྱིས་འགྲོ་དོན་སྐྱོང་གིན་པའི་ཁྱེད་ཡིན། ཁྱེད་ནི་བདག་གི་གློ་སྙིང་མཆིན་གསུམ་ཡིན།

    ཁྱེད་ཀྱི་ཕྱིའི་སྣོད་ཀྱི་ཁ་དོག་གིས་ང་ཚོར་བདེ་ཞིང་འཚོ་བའི་གཞི་རྟེན་བསྐྲུན་ཞིང་ནང་སེམས་ཀྱི་མཛེས་སྡུག་གིས་ང་ཚོར་ཤེས་རབ་ཀྱི་བྱམས་བརྩེ་གནང་བས། ད་ནི་ཁྱེད་ཀྱི་ཤེས་རབ་ཀྱི་ཕུང་བོ་ལ་ཉ་གང་བཅུ་དྲུག་གི་ལང་ཚོ་རྫོགས་ཤིང་མི་དོན་དང་ཆོས་དོན་གྱི་སྒྲིབ་པ་དག་ཅིང་ཤེས་པ་གསལ་བའི་མཐར་ཐུག་གི་དགེ་མཚན་དང་འཇོན་ནུས་ཡོད་དོ་ཅག་ཁྱེད་གཅིག་པུའི་མཛེས་སྡུག་གིས་ཁུར་སོང་བས། རྗེས་སུ་བསྐྱུར་ཞིང་ཤུལ་ན་ལུས་པའི་ང་ཚོས་ཁྱེད་ཀྱི་འཇོ་སྒེག་གིས་སྤུད་པའི་འཛུམ་མདངས་ཁོ་ན་ལ་རེ་བཅོལ་བྱས་ཏེ། ཐོང་འོག་དམར་བོའི་བྲང་ཁོག་ནས་རྩ་བ་ཚུགས་ཤིང་རྩེ་མོ་འབུས་པའི་མ་བཅོས་སེམས་ཀྱི་སྨོན་འདུན་གྱི་བདག་ཉིད་ཆེན་པོ་སྟེ། ཁྱེད་ནི་བདག་གི་དགའ་སྐྱོ་ཆགས་སྡང་གི་ལས་འབྲེལ་ལ་བསྲེས་པའི་ཚོར་ཤེས་ངོ་མ་ཡིན། སུ་ཡིན། ཁྱེད་ཡིན། བོད་མི་ཞིག  གཙང་བོ་བཞིན་བཞུར་རྒྱུན་མ་ཆད་པར་སེམས་ཅན་གྱི་སྲོག་རྒྱུན་མཐུད་པའི་ཁྱེད་ཡིན། ཁྱེད་ནི་བདག་གི་དགའ་སྐྱོ་ཆགས་སྡང་ཡིན།

    ང་ཚོ་ལོ་ཟླ་མང་བོ་མང་བོའི་ནང་དུ་རི་ཆུ་ནགས་གསུམ་དང་རི་སྒར་གྲོང་གསུམ་གྱིས་བར་ཐག་ཅི་འདྲ་བཅད་ཀྱང་། སེམས་དང་བསམ་པ་ནམ་ཞིག་ཡིན་ཡང་དུས་གཏན་དུ་མ་བྲལ་མི་འབྲལ་བར་འཚོ་དགོས་པའང་འུ་གཉིས་དང་ང་ཚོའི་ལས་དབང་ཞིག་ཅི་ལ་མིན། གང་ལྟར་ཁྱེད་ཀྱི་ལུས་ངག་གི་སྤྱོད་པ་གང་ཞིག་ཡིན་ཡང་བདག་ལ་སྨྲ་མི་ཤེས་པའི་སེམས་ཚོར་ཞིག་གིས། རང་དབང་དང་རང་བདག་མི་ཐུབ་པར་ཡོད་ཚད་ཁྱེད་ཀྱིས་བརྐུས་སོང་བའམ་འཕྲོག་སོང་ཚར་བས། ནམ་ཡིན་ཡང་གཟུགས་མེད་ཀྱི་སེམས་འདིའི་དབང་བོ་ཁྱེད་ཀྱིས་བདག་བརྒྱབ་སོང་བ་ནི། བདག་ལ་མཚོན་ན་དགའ་བ་ཞིག་ལས་སྐྱོ་བ་ཞིག་ཡེ་ནས་སྐྱེས་མ་མྱོང་ལ་སྐྱེ་ཡང་ག་ལ་སྲིད། འུ་གཉིས་ཀྱི་བར་ཐག་དང་ང་ཚོའི་ལས་དབང་འདིས་ང་རང་དེ་ལས་ཀྱང་ཁྱེད་ཉིད་ལ་དགའ་ཞིང་དུང་བར་མ་ཟད། ལ་ལས་དགའ་བ་ནི་སྡུག་བསྔལ་དུ་འདོད་ཀི་ཡོད་པ་ཉུང་ཉུང་མ་རེད། གང་ལྟར་ང་རང་ཁྱེད་ལ་དགའ་བ་དང་དུང་བ་ནི་ནམ་ཡིན་ཡང་བདེ་སྐྱིད་ཅིག་ཏུ་བརྩི་སྲུང་དང་གོང་བཀུར་བྱེད་བཞིན་ཡོད། གསན་བྱུང་ངམ། ཁྱེད་ནི་ངའི་འདས་མ་ད་གསུམ་གྱི་མངའ་ཐང་གི་བདག་པོ་ཡིན། སུ་ཡིན། ཁྱེད་ཡིན། བོད་མི་ཞིག  གཙང་བོ་བཞིན་ཕྱོགས་མེད་རིས་མེད་ཀྱིས་མར་གྱུར་སེམས་ཅན་མང་བོའི་ལུས་ཁམས་གསོ་བཞིན་པའི་ཁྱེད་ཡིན།

    འདི་ནི་འདི་ལྟར་ཚོར་ཤེས་ཀྱིས་འཚོས་ཏེ་འགྲོ་དགོས་པ་དང་། གན་ནི་གན་དང་འཕོ་འགྱུར་གྱིས་འགུལ་ནས་བསྐྱོད་དགོས་པའང་འཇིག་རྟེན་དུ་བརྩི་རིགས་ལ། འུ་གཉིས་ཀྱི་བར་ཐག་དང་ལས་དབང་འདི་ཡང་འདི་ལྟར་འཚོལ་དགོས་པ་ཡང་ཆོས་ཉིད་ཡིན་ནམ། ངའི་སྙིང་དུ་སྡུག་ཅིང་སེམས་ཀྱིས་གཅེས་པའི་ཁྱེད། གང་ལ་ཕེབས་ཀྱང་གང་དུ་བཞུགས་རུང་། དེ་ན་འཛུམ་དཀར་གྱིས་བསྐྱངས་པའི་ཤེས་རབ་ཀྱི་དྲོད་ཁོལ་རེ་རེ་དང་། དྲོད་ཁོལ་གྱི་ཕ་ས་ན་ངང་ངམ་ཤུགས་ཀྱིས་འོད་ལམ་མེར་འཚེར་བ་དེ་ཡང་ཁྱེད་ཀྱི་རང་བདེ་གཞན་སྐྱིད་ཀྱིས་མི་རབས་རྣམས་ལ་བསྟབས་དང་སྟོབ་བཞིན་པ་འདི་ནི། རིགས་ལ་འཁྲེང་ཞིང་རུས་ལ་ཞེན་པའི་འདུ་ཤེས་ཟབ་མོའི་བློས་སློང་གི་གསང་བརྡ་ཞིག་ཅི་ལ་མིན། འདི་ནི་འུ་གཉིས་ཀྱི་རུས་རྐང་ཁུ་གསུམ་དང་ཤ་ཁྲག་པགས་གསུམ་གཅིག་ཏུ་འདྲེས་པ་ཞིག་གི་ལྡོག་མེད་འགྱུར་མེད་ཀྱིས་ཁྱེད་ལ་བསྐུར་བའི་སྙིང་གཏམ་ངོ་མ་ཡིན། སུ་ཡིན། ཁྱེད་ཡིན། བོད་མི་ཞིག་ཡིན།

     གང་གིས་ཚོད་འཛིན་དཀའ་ཞིང་སུས་ཀྱང་གཞལ་དཀའ་བའི་ཕ་སྐད་དང་མ་ཡིག་རྩ་ཆེན་འདིས་བྱུགས་པའི་སེམས་རིན་པོ་ཆེ་འདི་ལྟ་བུ་ནི།  སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པ་ནས་བཟུང་སུས་ཀྱང་སློབ་ཆོག་ལ་སྦྱོང་ཡང་དགོས་པའི་ཤེས་རབ་ཅིག་ཡིན་པའི་ཆ་ནས།  སུ་ལ་གུས་རྟག་གིས་བརྩོན་པའི་སྙིང་རུས་དང་བློ་སྤོབས་ཡོད་ན་དེར་ལྡན་པ་ལས།  ཐོབ་དང་གོ་ས་རྒྱུ་དང་འབྱོར་བ་ཏག་ཏག་ལ་དམིགས་པའི་གང་ཟག་ལ་ཐོབ་པ་ཤིན་ཏུ་ནས་ཀྱང་དཀའ་བ་ཤེས་སུ་འཇུག་དགོས་པ།  དེ་ནི་སུ་ཡིན།  ཁྱེད་ཡིན། བོད་མི་ཞིག  བོད་ནས་སྐྱེས་ཟིན་པའི་བོད་མི་ཞིག  སླད་མར་ཡང་བོད་དུ་སྐྱེ་བར་ཤོག



  • ལེ་ཚན་སྔོན་མ།:མི་མཁས་པ་སླེབས་མའི་སྔོན་མ།
  • ལེ་ཚན་རྗེས་མ།:ཕ་ཡུལ།