དྲི་མེད་སེམས་ཀྱི་ལྷ་དར།

རུ་ཞོལ་ཚེ་རིང་སྐྱབས།        2019-09-12

    ལོ་ཟླ་ནི་ཕྱིར་ལྡོག་མེད་པའི་གཙང་པོ་བཞིན་མདུན་ནས་མདུན་དུ་བཞུར་བའི་དུས་ཀྱི་ཆ་ཤས་འདིར། ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་བཀའ་དྲིན་ཅན་གྱི་མི་སྣ་མང་པོ་ཞིག་རྣམ་པར་གསལ་ཞིང་ཝ་ལེར་འཁོར་ཡོང་། འཁོར་ཡོང་བ་མཐའ་དག་བཀའ་དྲིན་རབ་ཏུ་ཆེ་བས་ད་གཟོད་དྲན་པའི་དཀྱིལ་དུ་ལྷུང་བ་ཅིས་མ་ཡིན།   དེ་དག་ལས་ད་ལྟ་ཕྱིར་དྲན་རང་བྱ་འདོད་པ་ནི་དྲིན་ཕ་མ་ཉི་ཟླ་རྙེད་མེད་དང་ནང་ཕུ་ནུ་ལྕགས་མཁར་སྒོ་མེད་མིན་ལ། སྙིང་ཉེ་བའི་གྲོགས་པོ་དང་གྲོགས་མོ་ཡང་མིན། དེ་ནི་ངའི་སྨག་ནག་པའི་འཇིག་རྟེན་ལ་འོད་སྣང་གི་སྒྲོན་མེ་བཏེགས་ཏེ་དཀར་ནག་གི་རྣམ་དབྱེ་འབྱེད་པར་དྲང་བདེན་གྱི་མིག་ཟུང་སྤྲོད་མཁན།  ཆེས་ཐོག་མའི་ཀ་ཁའི་སྒོ་གླེགས་འབྱེད་པར་གསེར་མདོག་གི་ལྡེ་མིག་གནང་སྟེ་གནམ་འོག་འདིའི་བདེན་ལུགས་འཚོལ་བར་རྟེན་འབྲེལ་གྱི་ལམ་བཟང་སྐྲུན་མཁན། འོད་སྣང་གི་ཕུང་བོའི་བརྒྱུད་ལམ་དེད་ནས་རྒྱང་རིང་གི་མཁའ་མཐར་འཕུར་སྐྱོད་བྱེད་པར་སྤོབས་སེམས་དང་ངར་ཤུགས་སྩོལ་མཁན་གྱི་དགེ་རྒན་བཀའ་དྲིན་ཅན་དག་ཡིན།

    ད་ལོ་ནི་དགེ་རྒན་དུས་ཆེན་སྐབས་སོ་ལྔ་པར་ཁེལ་ཅིང་། ཕྲན་གྱིས་གླགས་འདི་དང་བསྟུན་ནས་དྲིན་ཆེན་ཁྱེད་ཅག་གིས་བསམ་མེད་ཀྱི་བྱིས་པ་སྣབས་ལུག་ནས་བཟུང་ལང་ཚོའི་ན་རིམ་ཡུན་གྱིས་རྒྱས་པའི་བར་དུ་ང་ཚོར་མི་ཚེའི་བདེ་སྐྱིད་ཀྱི་ལམ་སྟོན་གནང་བ་དང་ཤེས་བྱའི་འོད་སྣང་གི་རྒྱགས་ཕྱེ་བསྩལ་པར་བཅོས་མིན་སྙིང་གི་དཀྱིལ་དབུས་ནས་དྲི་མེད་དྭངས་གཙང་གི་ལྷ་དར་ཡུག་གཅིག་འབུལ་འདོད་པ་ལགས།

    ལོ་སྣེར་ཟླ་དང་ཟླ་སྣེར་ཉིན་མཐུད་དེ་དུས་ཀྱི་འཁོར་བསྐྱོད་རིང་མོ་རིམ་བསགས་བགྱིས་ནས་ད་ཚོད་ལ་སླེབས་དུས། གཙང་མཁས་གཞན་ལ་ཕན་པར་འདོད་པའི་དྲིན་ཆེན་གྱི་དགེ་རྒན་མང་པོ་ཞིག་ཀྱང་ཡིད་ལ་མངོན་པར་ཤར་ཡོང་། ཞིམ་མངར་ཟས་ལ་ཟས་ལན།། དྲང་བའི་ཚིག་ལ་ཚིག་ལན་ཞེས་པའི་དཔེ་ལྟར་ཁྱེད་ཅག་གི་བརྩེ་བ་དང་ལྷག་བསམ་རེ་རེ་བྲིས་མི་ཚར་བའི་ཚིག་གི་རི་མོར་བསྟར་ན། འདོགས་མ་ཤེས་བྱུ་རུ་སྣ་མགོ། བཤད་མ་ཤེས་ཚིག་སྣེ་སྐྱོན་ཐོག་ཅེས་པར་མི་འགྲོ་བའི་ངེས་པའང་མེད་པས་དཀྱུས་གཅིག་ཏུ་ཁྱེད་ཅག་གི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་ལས་ཐབས་ཟད་པར་གྱུར་མོད། ཡང་ཁ་དཔེར་བརྒྱའི་ནང་གི་བརྒྱད།། བརྒྱད་ཀྱི་ནང་གི་གཅིག་ཅེས་པ་ལྟར། ཁོང་མོ་ནི་ངའི་བློ་དང་རིག་པའི་ཞིང་ས་གཤིན་པོར་ཆེས་ཐོག་མའི་གསེར་མདོག་གི་ས་བོན་གཏོར་མཁན་དང་བྱིས་བློའི་ཡིད་ཀྱི་སྤང་ཐང་ངོགས་སུ་ཐེངས་དང་པོའི་ཞལ་གདམས་ཀྱི་སྦྲང་ཆར་གནང་མཁན་ཡིན། ངས་དགེ་རྒན་ཞེས་པའི་བླ་མེད་རིན་བྲལ་གྱི་མིང་བྱང་འདི་ཐོས་དུས། འཛུམ་དམུལ་དམུལ་གྱི་ངོ་གདོང་ལས་སྤྲོ་དགའི་རྣམ་འགྱུར་ལྷུག་པོར་བཞད་ཅིང་། འོད་ཀྲིག་ཀྲིག་གི་མིག་མདངས་ལས་བྱམས་བརྩེ་ཡི་འོད་སྣང་ལྟེམ་མེར་འཁྱིལ་བ། ཞི་དུལ་བག་ཡོད་ཀྱི་གོམ་འགྲོས་ལྷོད་ཤ་ཅན་དེ་ནམ་རྒྱུན་ང་ཚོའི་ཕྱོགས་སུ་བསྒྱུར་བའི་རྒན་བཀའ་དྲིན་ཅན་དེ་ཡིད་ལ་གསལ་བོར་དྲན་བྱུང་།

    བདག་གིས་གུས་པར་འོས་པའི་ཁོང་མོས་སློབ་གསོའི་བྱ་བ་བསྒྲུབས་ནས་མི་ལོ་བཞི་བཅུ་ལྷག་ཕྱིན་ཚར་མོད། ཁོང་མོས་དགེ་རྒན་ཞེས་པའི་གཟི་བརྗིད་ཀྱི་མིང་བྱང་འདི་ཁུར་ཉིན་ནས་བཟུང་། བརྩེ་བའི་མིག་ཟུང་གིས་ཅི་ཞིག་འཚོལ་བར་རེ་བའི་སློབ་བུ་ཚོའི་བདེ་ལམ་སྐྱིད་ཀྱིས་འཚོས་ཤིང་། དྲོད་ཁོལ་གྱི་གདམས་ངག་རེ་རེ་ཡིས་ཅི་ཞིག་འཐོབ་པར་འདོད་པའི་ང་ཚོའི་ལམ་ཁར་འོད་སྣང་བསྐྲུན། དཀའ་སྡུག་རྔུལ་ཁྲག་གི་ཐིགས་པ་རེ་རེ་ཡིས་རྨོངས་མུན་གྱི་བློ་རྒྱ་གཙང་ཁྲུས་གནང་ཞིང་། ལྷག་བསམ་དར་དཀར་གྱི་འཆིང་ཐག་རིང་མོས་མཛའ་གཅུགས་ཀྱི་སེམས་པ་ལྷན་དུ་སྦྲེལ།

    ང་རང་ཐེངས་དང་པོར་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་ནང་དུ་འགྲོ་དུས་འཇིག་རྟེན་གཞན་ཞིག་མཐོང་བ་ལྟ་བུའི་ངོ་མཚར་དང་འཕྲུལ་སྣང་དག་གིས་ཡིད་ཀྱི་དྭངས་བ་ཅི་དགར་དྲངས་པས། རྒན་ཁྱེད་ལ་ཇི་ལྟར་མཇལ་སྐབས་ཀྱི་སྣང་བརྙན་ནི་རབ་རིབ་དང་མག་མོག་ཏུ་སྣང་། ཡིན་ཡང་། སྐབས་དེ་ནས་བཟུང་། ཁྱེད་ཀྱིས་ཡ་ཐོད་ཀྱི་མིག་དང་ཡ་ཁོག་སྙིང་ཇི་བཞིན་ཆུ་ཚོད་སྐར་མ་རེ་རེར་ང་ཚོ་སེམས་ཀྱིས་བསྐྱངས་ཤིང་མིག་གིས་འཚོས་པས། ཁྱེད་ནི་ངའི་འཇིག་རྟེན་སྟེང་གི་རླབས་ཆེ་བའི་ཕ་མ་གཉིས་པར་གྱུར།

དེ་རིང་། ངས་འུ་ཅག་དགེ་སློབ་ཚོའི་བར་དུ་བརྗེད་པར་དཀའ་བའི་འདས་དོན་མང་པོ་ཞིག་བྱུང་བ་ཇི་ལྟར་ཤོག་ངོར་ཕབ་པར་རང་བློའི་འཆུན་ཚོད་ཀྱིས་གོ་རིམ་སྒྲིག་དུས། སྒེའུ་ཁུང་ལས་བརྒྱུད་པའི་ཉི་ཐིག་རྣོ་ངར་ཅན་དེ་ཐད་སོར་ངའི་མཇིང་བར་འཕྲོས་པས་ཚ་ལམ་ལམ་དུ་གྱུར། དུས་སྐད་ཅིག་མ་དེར། མཁའ་མཐའ་ན་བཞུད་ལ་ཉེ་བའི་འོད་ཟེར་གྱི་ཉག་མས་གདོང་གི་སྐྱི་པགས་བསྲེག་པར་བྱེད་པའི་ས་སྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་ཤིག་ཡིད་ལ་ཤར་མར་དྲན་འོང་།  རེད་དེ།  དོན་དག་དེ་ནི་སློབ་གྲྭ་དང་ཐག་ཉེ་བའི་སློབ་བུ་ཚོ་ཕྱིར་རང་ཁྱིམ་དུ་ལོག་པའི་རྗེས་སུ་བྱུང་བ་ཡིན། སློབ་གཙོ་མཐོ་རིས་པ་བཞུགས་པའི་སྐབས་དེ་དུས། རང་སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་ནི་ཧ་ཅང་ལེགས།  ནམ་རྒྱུན་ལོ་རིམ་མཐོ་ཤས་ཀྱི་སློབ་བུ་ཚོས་དགོང་ཟས་འགྲངས་ཚོད་ཅིག་ཟོས་རྗེས་འོས་འཚམས་ཀྱི་གནས་མལ་རེ་བཙལ་ཏེ་རང་འགུལ་སྒོས་དཔེ་ཀློག་བསྐྱར་སྦྱོང་བྱེད་པ་ཡིན། ཁོང་མོས་ཕ་ཡུལ་དང་ཁ་ཐག་རིང་བའི་ང་ཚོ་སློབ་གྲོགས་བདུན་བརྒྱད་ཙམ་ཡོད་པ་ཚང་མ་སློབ་གྲྭའི་ཉེ་འགྲམ་གྱི་ཆུ་ཕྲན་ཆུང་ཆུང་དེའི་ཁར་ཁྲིད་ནས་སྔོན་ལ་ཉིན་གཅིག་གི་སྦྱང་བྱའི་ནང་དོན་ཆ་ཚང་བློར་བཤར་དུ་འཇུག་པ་དང་། སློབ་གྲོགས་སུ་ཞིག་གིས་སྔོན་མར་བློ་རྒྱུགས་སྤྲད་ཚར་བ་ན་དེ་སྔུན་མར་ཆུ་རྩེད་བྱེད་དུ་བཅུག་པ་ཡིན། དེ་དུས་ཀྱི་ང་ཚོའི་བློ་དང་རིག་པ་ནི་གློག་དམར་འཁྱུག་པ་ལས་ཀྱང་མགྱོགས་པར་སྣང་། ཚང་མས་ཉིན་གཅིག་གི་སྦྱང་བྱ་ཐ་དག་བདེ་ལེགས་ངང་གྲུབ་ཚར་དུས། ཉིན་གང་བོར་ཚ་དྲོད་ཀྱིས་གཙེས་པའི་ང་ཚོའི་ལུས་སྟེང་དུ་སྣོམ་དཀའ་བའི་དྲི་ངན་སྣ་ཚོགས་ཤིག་དྲོ་ཡོང། ཁོང་མོས་སྐྱུགས་མེར་དང་འཛེམ་དོགས་ཅི་ཡང་མེད་པར་ང་ཚོའི་མགོ་དང་སྐེད་ཚིགས། ལག་པ་དང་རྐང་པ་སོགས་སོ་སོར་བཀྲུས་ནས་གཙང་དག་ཡང་དག་བྱེད་པར་མ་ཟད།  སློབ་སྦྱོང་བྱེད་པའི་གོ་རིམ་ནི་རྩེད་མོ་རྩེ་པའི་གོ་རིམ་དང་མཚུངས་ཤིང་། རྩེད་མོའི་གོ་རིམ་དེར་བྱང་ཆུབ་པར་གྱུར་ན་སྦྱང་བྱ་མ་ལུས་རྒྱུད་ལ་རང་བཞིན་གྱིས་འབྱོར་ངེས་པ་ཡིན་ཚུལ་སོགས་ང་ཚོའི་བློ་ཁར་འཚམ་པའི་བསླབ་བྱ་རེ་རེ་གནང་བ་ནི་མི་ཚེ་ཡི་གདམས་ངག་གལ་ཆེན་དུ་གྱུར། ད་དུང་ཕྱིར་སློབ་གྲྭའི་ནང་ཡོང་ནས་ང་ཚོར་ནུབ་ཇ་བསྐོལ་བ་དང་ལྭ་བ་བཀྲུ་བ་སོགས་ཀྱི་གཟིགས་སྐྱོང་གང་བཟང་བྱས་པ་ནི་སྤྱིར་བཏང་གི་དགེ་རྒན་ཞིག་གི་སྤྱིར་བཏང་མ་ཡིན་ལྷག་བསམ་རྣམ་དག་ཡིན།

     དེ་རིང་གི་དུས་སྟོན་འདིར་ཁྱེད་ཀྱིས་རང་ལ་ཡིད་ཚིམ་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པར། སྔར་བཞིན་སློབ་བུ་མང་པོ་ཞིག་གི་མ་འོངས་མདུན་ལྗོངས་ཀྱི་ཕྱིར་དུ་གཞན་དོན་འཁུར་ཁྱེར་གྱི་བསམ་པ་དྲག་པོ་ཡིད་ལ་བརྣགས་ཤིང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལས་འབེབ་པའི་བདུད་རྩིའི་ཐིགས་པ་རེ་རེ་སློབ་བུ་ཚོའི་སེམས་དབུར་བླུགས་ཤིང། དམ་པ་གོང་མའི་གདམས་ཚིག་རེ་རེ་ས་སྨྱུག་གི་འཁྱུག་རིས་ལ་བརྒྱུས་ནས་མིག་གི་དགའ་སྟོན་དུ་བཤམ་པ་གདོན་མི་ཟའོ།། རྒྱུ་མཚན་ནི། ཁྱེད་ཀྱིས་འདི་ལྟ་བུའི་དུས་ཆེན་ལ་དང་དོད་མི་བྱེད་པར་མ་ཟད། འདི་འདྲའི་ཆོ་གའི་བབ་དང་བསྟུན་ནས་རང་ཉིད་ལ་སྐྱེས་སུ་འདེགས་པའི་ལག་རྟགས་རེ་སྟེར་རམ་སྙམ་པའི་བསམ་པ་ནི་བླ་ནས་མེད་པས། བཤེས་གཉེན་དུལ་བ་ཉེར་ཞི་བ་དང་གཙང་མཁས་གཞན་ལ་ཕན་པར་འདོད་པའི་རྩ་བའི་མཚན་ཉིད་ནི་ཡོངས་སུ་རྫོགས་པ་ཀུན་ལ་གསལ་བར་སྣང་མོད། ཡིན་ཡང་། ཁྱེད་ཀྱི་བྱམས་སེམས་དྲོད་མའི་ཐུགས་འོག་ནས་འཚར་ལོངས་བྱུང་བའི་ང་ཚོས། འཇིག་རྟེན་གྱི་བདེན་ལུགས་རུམ་གང་བཏུས་ཏེ། གཉོམ་དུང་དུང་གི་གཤོག་ཟུང་མཐའ་ཡས་པའི་མཁའ་མཐར་རེ་རེ་བཞིན་བསྐྱོད་ཅིང་འཕུར་བས། ཁྱེད་ཀྱི་སློབ་མའི་ཚོགས་ཀྱི་གྲལ་མཐར་འཛིན་པ་ཕྲན་གྱིས་དགེ་རྒན་ལགས།   ཁྱེད་ཀྱིས་དཀའ་ལས་མང་པོ་མྱང་སོང་བས་སྐུ་ངལ་ཐེངས་ཤིག་གསོ་རོགས་ཞེས་ཁ་ཞེ་གཉིས་མེད་ཀྱིས་སྨོན་ཚིག་འདི་བསྒྲོན་འདོད་པ་ལགས།



  • ལེ་ཚན་སྔོན་མ།:སེམས་ཁོང་ནས་འཕྱོ་བའི་སྨོན་འདུན་ཚིག་གསུམ།
  • ལེ་ཚན་རྗེས་མ།:བཀའ་དྲིན་མཚུངས་པ་མ་མཆིས་པའི་དགེ་རྒན་དམ་པའི་རྗེས་དྲན་ཀ་ལིའི་ཕྲེང་བ་པདྨ་རཱ་གའི་དོ་ཤལ།