སེམས་ཁོང་ནས་འཕྱོ་བའི་སྨོན་འདུན་ཚིག་གསུམ།

ཉི་མ་རྡོ་རྗེ།        2019-09-09

ས་སྨྱུག་གི་ཐལ་བས་ཁྱེད་ཉིད་ཀྱི་གཡུ་ལོ་སྔོ་སྐྱ་རུ་བསྒྱུར། དེ་ཡི་ཤུགས་ལས་ཁྱེད་ཉིད་ལ་བརྩེ་འདང་ཡོད་པའི་སློབ་བུ་ཇེ་མང་ནས་ཇེ་མང་དུ་གྱུར། འཆད་སྟེགས་སྟེང་དང་ཅོག་ཙེ་སྟེང་དུ་ཁྱེད་ཉིད་ཀྱི་རྔུལ་ཆུ་འཐོར་ཡོད་ལ། སློབ་བུའི་ལས་བྱ་འབྲི་དེབ་ངོས་སུ་ཁྱེད་ཉིད་ཀྱི་སྐུལ་སློང་བཞག་ཡོད། གསེར་དངུལ་རྒྱ་མར་འཇལ་ཡང་ཁྱེད་ཀྱི་དྲིན་ལན་གཞལ་ག་ལ་ནུས།

སློབ་བུ་རེ་རེའི་མཛད་སྤྱོད་ཀྱིས་ཁྱེད་ཀྱི་བྱས་རྗེས་ལ་བསྟོད་བསྔགས་བྱས། ཟླ་དགུའི་ཚེས་བཅུའི་བདག་པོ་ལགས། ཁྱེད་ཀྱི་དུས་ཆེན་འདི་སླེབས་དུས། ངེད་སློབ་བུ་ཚོས་ཁྱེད་ཉིད་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་སེམས་གཏིང་ནས་ཞུས་ཡོད།

ཁྱེད་ཀྱི་གསུང་སྐད་ཀྱིས་ངའི་རྣ་ལམ་ནས་རྒྱུན་དུ་སློབ་གསོ་གཏོང་བ་དང་། ཁྱེད་ཀྱི་སྐུ་གཟུགས་ནམ་ཡང་ངའི་སེམས་ཁོང་དུ་འཆར། ད་ལྟ་ཁྱེད་ལ་དབང་བའི་དུས་ཆེན་འདི་སླེབས་དུས་ངས་ཁྱེད་ལ། དགེ་རྒན་ལགས། ཁྱེད་ཉིད་སྐུ་འོ་བརྒྱལ་མྱངས་སོང་ཞེས་ཞུ་འདོད།

ཁྱེད་ཉིད་ནི་ལས་ལ་འབད་པའི་མེ་ཏོག་གི་ལྡུམ་ར་གསོ་སྐྱོང་མཛད་མཁན་ཞིག་དང་། སློབ་བུ་རྣམས་ནི་ཁྱེད་ཀྱིས་སྐྱེད་སྲིང་བྱས་པའི་ཤིང་སྡོང་ཞིག་དང་མཚུངས། ང་དང་ང་ལྟ་བུའི་སློབ་བུ་རྣམས་ཀྱིས། དགུན་དུས་ཁྱེད་ཉིད་ལ་གྲང་ངར་འགོག་འདོད། དཔྱིད་དུས་མཛེས་སྡུག་སྟེར་འདོད། དབྱར་དུས་བསིལ་སྣང་སྦྱིན་འདོད། སྟོན་དུས་འབྲས་བཟང་ཕུལ་འདོད། ཁྱེད་ཀྱི་དུས་ཆེན་སླེབས་དུས་ཁ་བཟང་ཚིག་གིས་བཀྲ་ཤིས་བདེ་ལེགས་ཞུ་འདོད།

མེ་ཏོག་མཛེས་ཀྱང་ལོ་མས་བརྒྱན་དགོས། འདབ་བརྒྱ་ལེགས་ཀྱང་འདམ་གྱི་བརླན་གཤེར་དགོས། སློབ་བུ་མཁས་ཀྱང་དགེ་རྒན་གྱི་ཁ་ཏ་སློབ་གསོ་དགོས། དུས་ཆེན་འདིར་ཁྱེད་ཀྱི་བསླབ་བྱས་བསྐྱངས་མྱོང་བའི་ངས་ཁ་དྲོ་བཀྲ་ཤིས་ཞུ། ཚེ་རིང་ལོ་བརྒྱ་ཞུ། དགེ་རྒན་ལགས།

དགེ་རྒན་གྱི་བརྩེ་བ་འདི། སློབ་ཁྲིད་ཀྱི་བཤད་སྟེགས་སྟེང་ཡོད་ལ། ལས་བྱའི་དག་བཅོས་ངོས་སུ་ཡོད། རྒྱུན་པའི་ཁ་ཏ་ནང་ཡོད་ལ། གང་དུ་ཉི་འོད་ཡོད་ན་དེ་རུ་དགེ་རྒན་གྱི་བརྩེ་བ་ཡོད། དགེ་རྒན་ནི་འཇུག་པ་བཅུ་ལས་ཁྱབ་ཆེ་ཞིང་། རྟ་བདུན་འོད་ལས་ཀྱང་གཟི་བརྗིད་ལྡན་པ་ཞིག་རེད། དུས་ཆེན་འདིར། ཁྱེད་ཀྱི་སྐུ་གཟུགས་སྔར་ལས་བདེ་ཐང་དང་། མཛད་ཕྲིན་སྔར་ལས་རྒྱས་པའི་སྨོན་འདུན་ཞུ།

གལ་ཏེ་ཁྱེད་ཉིད་མེད་གྱུར་ན། ངས་རང་ཉིད་ཀྱི་མི་འདང་ས་དེ་གོ་མི་ཐུབ། གལ་ཏེ་ཁྱེད་ཉིད་མེད་གྱུར་ན། ངས་ཤེས་རིག་གིས་བསྩལ་བའི་སྤྲོ་སྐྱིད་ལ་ལོངས་སུ་སྤྱོད་མི་ནུས། གལ་ཏེ་ཁྱེད་ཉིད་མེད་གྱུར་ན། ང་ལ་མཛེས་སྡུག་ལྡན་པའི་མ་འོངས་བ་འདི་མེད། ཐུགས་རྗེ་ཆེ།

བཀའ་དྲིན་ཆེ། ཟླ་བ་དགུ་པའི་ཚེས་བཅུ་ལགས། ཁྱེད་ཀྱིས་རྒྱུན་པར་ངའི་ཚབ་བྱས་ཏེ་དགེ་རྒན་རྣམས་ལ་བཀའ་དྲིན་ཞུས་ཡོད།

མཇུག་ཏུ་ཞུ་འོས་པ་ནི། ང་ཚོས་རྟག་པར་འབྲེལ་བ་བྱས་མེད་ན་ཡང་། ངས་རྒྱུན་པར་ཁྱེད་ཅག་དྲན་བཞིན་ཡོད། རྒྱུན་པར་ཁྱེད་ཅག་ལ་སྨོན་ལམ་འདེབས་བཞིན་ཡོད། རྒྱུན་པར་ཁྱེད་ཅག་ལ་བཀའ་དྲིན་ཞུ་བཞིན་ཡོད། ཡ་མ་ཆོས་སྒྲོན་སོགས་དགེ་རྒན་གྱི་ཕྱག་ལས་མཛད་བཞིན་པའི་ངའི་སློབ་གྲོགས་ཚོ། ཁྱེད་ཅག་གིས་ད་དུང་མུ་མཐུད་དུ་སྔོན་དང་འདྲ་བར་སློབ་བུ་རྣམས་ལ་ཤེས་རིག་གི་བདུད་རྩི་འཐུང་དུ་ཆུགས། དཔྱོད་ཤེས་ཀྱི་བློ་གྲོས་རྒྱས་སུ་ཆུགས།

གཤིས་བཟང་རྒྱུད་འཇམ་གྱི་སློབ་མས་ས་སྟེང་འདི་ཁྱབ་ཏུ་ཆུགས། འདི་ནི་ངའི་རེ་བ་ཡིན། ང་ཚོའི་རེ་བ་ཡིན། ཁྱིམ་ཚང་ཁྲི་ཁྲི་འབུམ་འབུམ་གྱི་རེ་བའང་ཡིན། ད་ནི་དུས་ཆེན་འདི་སླེབས་པས་ངས་ཁྱེད་ཅག་ལ་མཛད་ཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་ལམ་ཅིས་མི་འདེབས།


  • ལེ་ཚན་སྔོན་མ།:སེམས་ཀྱི་ལྷ་མོ།
  • ལེ་ཚན་རྗེས་མ།:དྲི་མེད་སེམས་ཀྱི་ལྷ་དར།