ཙ་སུར་སྦྱིན་པ། 2018-12-24
༡
བདག་གིས་ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཡིན་ཟེར་དུས། འདང་མ་བརྒྱབ་པའམ་བསམ་གཞིགས་ཡག་པོ་མ་བཏང་བའི་མི་ཚོས་མི་འདིའི་ཀླད་པ་ལ་སྐྱོན་ཞིག་བྱུང་འདུག་ཟེར་ན་ཡང་ཐང་། དེ་སྐད་ཆ་རང་རེད་ཅི་ཞིག་ཟེར་ན་ཟེར་དུ་བཅུག མི་དེའི་རིགས་གྱིས་ཕལ་ཆེར་དུས་ཚོད་ཟེར་བ་ལ་འདི་ལྟར་འདང་རྒྱག་པར་སྙམ། དུས་ཚོད་ལ་ཅི་ཞིག་སྐྲག་འཇིགས་སྐྱེས་དོན་མེད་ཀི་མོད། ཕྱི་ནང་གི་འབྱུང་ཁམས་གང་ཡང་མ་རེད་འབྱུང་བ་ཞིག་ཡིན་ན་ངོ་ཟློག་དཀའ་མོད་རེད། དེ་མ་རེད་གཟུགས་ཡོད་ཀྱི་སེམས་མེད་ཅིག་ལས་སེམས་ཡོད་ཀྱི་གཟུགས་མེད་ཅིག་རེད་དེ་ལ་ཅི་ཡང་སྐྲག་དགོས་དོན་མེད་ཟེར་བའི་བསམ་མེད་ཀྱི་བྱིས་བློ་ལྟ་བུ་དེའི་རིགས་རེད།
༢
དུས་ཚོད་ནི་མི་ཞིག་སྐྱེས་པ་ནས་བཟུང་འཆི་བའི་ཕྱོགས་ལ་ངལ་བ་མེད་པར་ཆུ་བོ་བཞིན་དལ་བྲེལ་མེད་པར་བཞུར་གྱིན་ཡོད་པ་དེ་རེད། དེས་ཐོབ་དང་གོ་ས། བླ་མ་དང་དཔོན་པོ། མཁས་པ་དང་བླུན་པོ། ཕྱུག་པོ་དང་དབུལ་བོ། མཛེས་པ་དང་མི་མཛེས་པ། རྒྱལ་ཁབ་ཀྱི་དབྱེ་བ། མི་རིགས་ཀྱི་ཁྱད་པར། གྲྭ་གྲོང་གི་ཆ་ལུགས། རྒན་གཞོན་གྱི་ལང་ཚོ། གཉེན་ལ་ཆགས་ཤིང་དགྲ་ལ་སྡང་བའི་ཆགས་སྡང་བྲལ་བྱུང་། ཐབས་བཀོད་ཡོད་མེད་དང་རྣམ་དཔྱོད་ཡོད་མེད་ཅི་འདྲ་ཡིན་རུང་། དུས་ཚོད་ཞེས་པ་འདི་ལ་ཁ་ཡག་ངོ་དགའ་གང་ལ་ཡང་ཕྱོགས་རིས་མི་འཛིན་པར་བསམ་དབང་དྲན་དབང་གི་ཕྱིར་སྣུར་མེད་པར་མདུན་ནས་མདུན་དུ་འཆི་བདག་གི་ཁར་དེད་འགྲོ་བ་འདི་བདག་ལ་མཚོན་ན་ཆེས་དངངས་སྐྲག་སྐྱེས་ས་གཅིག་པུ་རེད།
༣
ང་ཚོ་མི་སུ་དང་གང་ཞིག་ཡིན་རུང་སྦྱོང་བ་མ་བྱས་པའམ་མནོ་བསམ་ཡག་པོ་རེར་མ་གནང་བའི་དབང་གིས། ལྟོ་གོས་འབའ་ཞིག་ལ་མགོ་འཁོར་ནས་དུས་ཚོད་ཀྱི་འཁོར་སྐྱོད་ཅི་འདྲ་ཞིག་ཡིན་མིན་དང་། དེས་ང་ཚོའི་ཚེ་སྲོག་གི་འཁོར་སྐྱོད་དང་དབུགས་ཀྱི་སྟངས་སྟབས་སོགས་བཟུང་ཡོད་པ་གཞི་ནས་ཚོར་གྱིན་མེད་པ་དང་ཤེས་ཀྱིན་མེད་པ་འདྲ། དེ་ནི་མི་ཞིག་ཞིག་དང་ཤེས་རབ་ལྡན་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་གཞི་ནས་འདང་རྒྱག་པས་འགོ་རྩོམ་དགོས་པ་ལས་ནམ་ཞིག་ཁྱོད་ལ་གནོང་བ་འགྱོད་པའི་ཕངས་སེམས་ཤིག་སྦྱིན་ཡོང་བ་ཤ་སྟག་རེད། དེའི་རྐྱེན་གྱིས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ། བདེ་འགྲོ་དང་ངན་འགྲོ་ཟེར་བ། ཆོས་ལུགས་དང་ཆོས་ལུགས་ཟེར་བ་ཁས་མི་ལེན་རུང། ཚེ་འདིའི་རེ་འདུན་དང་ཕུགས་བསམ་འཚོལ་སྙེག་ནི་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་མངོན་གྱུར་ཡོང་ཐབས་དང་། དེ་ལ་བརྩེ་བས་གཞི་ཟིན་པའི་མདུན་སྐྱོད་ཀྱི་གོམ་འགྲོས་ནི་དུས་ཚོད་ལ་རག་ལས་ཡོད་གཤིས། ནམ་ཞིག་འཚོ་བ་དེ་མངོན་གྱུར་བྱུང་མ་ཐུབ་པར་དུས་ཚོད་ཀྱིས་བསླུས་འགྲོ་བར་བསམ་ན། དེ་བས་ཀྱང་ཆེས་འཇིགས་སུ་རུང་བ་ནི་ངས་བཙལ་བཞིན་པའི་འཚོ་བ་མ་ཡིན་པར་དུས་ཚོད་ཟེར་བའི་ཐག་སྒྲ་འདི་རེད།
༤
དུས་ཚོད་ཀྱི་འཁོར་འགྲོས་ནི་འཁོར་བར་བརྩི་ཆོག་ལ། འཁོར་བའི་འཁོར་བ་ནི་དུས་ཚོད་གཅིག་པུ་མ་ཡིན་པར་ཚེ་སྲོག་དབུགས་གསུམ་རྒྱུ་བའི་དུས་ཚོད་འདི་གཅེས་སྤྲས་དང་བདག་ཡག་པོ་ཞིག་རྒྱག་མ་ཐུབ་པར། དེ་རིང་གི་རྗེས་ལུས་དང་བག་འཁུམས། དབུལ་བོ་དང་ཕྱུག་པོའི་ཁྱད་པར། དཀའ་ཁག་གི་གནོན་ཤུགས་དང་མནར་གཅོད་འདི་དག ང་ཚོས་ཁ་སང་གི་དུས་ཚོད་ལ་བདག་མ་བརྒྱབ་པའམ་གཅེས་མ་ཤེས་པས་ཁ་སང་དེ་ལྟར་ཅི་ཡང་མ་བསམ་པར་རྣམ་གཡེང་དང་ལེ་ལོའི་ངང་གཞི་ནས་ཚར་སོང་བས་མཇུག་འབྲས་རེད། དེ་ལ་ལེ་བདའ་དང་འཁང་ར་ལས་དབང་རེད་ཟེར་བའི་རང་མགོ་རང་གཡོགས་ཀྱི་སྐད་ཆ་སྟོང་བ་ཅི་འདྲ་མང་བོ་ཞིག་ལབ་རུང་། དུས་ཚོད་ལ་བདག་ཡག་པོ་མ་བརྒྱབ་ན་ཉིན་གཅིག་གི་ཚེ་སྲོག་ཅི་ཡང་མི་འཇོན་པར་ཚར་འགྲོ་བས། ང་རང་ཆེས་འཇིགས་ས་ནི་སྐད་ཅིག་ཀྱང་མི་སྡོད་པར་དུས་ཚོད་ཟེར་བ་འདི་བུད་འགྲོ་བ་དེ་རེད།
༥
ནམ་ཞིག་ཁྱོད་ལ་ཕ་མ་དང་དགེ་རྒན། ནང་མི་དང་གཉེན་ཉེ། ཡང་ན་གྲོགས་གྲོགས་མོ་གང་ཞིག་གིས། ཁྱོད་ཀྱིས་སློབ་སྦྱོང་གྱིས་དང་ད་རུང་ལོ་ཆུང་ཆུང་རེད། བློ་རིག་བཟང་གི་བ་ནི་རེད་ཟེར་དུས། ད་ནི་གཞི་ནས་རང་གིས་དུས་ཚོད་ལ་གཅེས་སྤྲས་བགྱིས་མ་ཐུབ་པའམ་མིའི་དོན་གོ་ཞིག་ཆོད་ཀྱིན་མེད་པ་གོ་རྟོགས་སད་དགོས་པ་ལས། ད་རུང་ཚེ་མཇུག་ལ་ཁེངས་དྲེགས་དང་ཆེར་རློམ་གྱིས་རང་གར་འདུག་མི་ཉན་པར་ཁྱེད་ལ་བརྩེ་བའི་གཏམ་དང་དགའ་བའི་གསང་བརྡ་ཞིག་ཡིན་པ་རང་ངོས་ནས་ཚོར་དུ་འཇུག་དགོས་ལ། འདི་ནི་རང་ཉིད་རང་གིས་བསླུས་པའི་ཚེ་སྲོག་ཡིན་པ་ལས་དུས་ཚོད་ལ་ངོ་གཉིས་དང་ལྕེ་གཉིས་མེད་པ་ཀུན་གྱིས་ཤེས་རྟོགས་བྱུང་དགོས་པ་དེ་རེད། འདི་ནི་ང་ལ་དུས་ཚོད་ཀྱིས་གནང་བའི་རྨ་ཁ་མེད་པའི་མནར་གཅོད་ལྟ་བུ་ཞིག་ཅི་ལ་མིན།
༦
ང་ཚོ་རང་ལ་བརྩེ་བ་དང་ཤེས་རབ་ལྡན་པའི་མི་ཞིག་ཡིན་པའི་ཆ་ནས། དུས་ཚོད་ཀྱི་ཐག་སྒྲ་རེ་རེ་རང་གིས་ཆེས་གཅེས་པའི་ཚེ་སྲོག་ཡིན་ལ། ཚེ་སྲོག་གི་འཁོར་སྐྱོད་དུས་ཚོད་ལ་ངེས་ཤེས་ཡང་དག་ཡོད་པར་ཅིས་ཀྱང་སློབ་སྦྱོང་རྒྱག་དགོས་པ་ལས། མི་ཚེ་གང་བོའི་འདས་མ་ད་གསུམ་གྱི་ཚེ་སྲོག་གི་རིན་ཐང་ནི་དུས་ཚོད་ཡག་པོ་ཞིག་བཀོལ་སྤྱོད་བྱ་ཐུབ་མིན་ལ་རག་ལས་ཡོད་པས། དུས་ཚོད་ལ་བཀོད་སྒྲིག་བཟང་བོའམ་འཆར་གཞི་ཡག་པོ་ཚད་ངེས་ཅན་ཞིག་ཡོད་ན། ད་ནི་རེ་བའི་ཕུགས་བསམ་མངོན་གྱུར་ལ་རམ་འདེགས་བླ་ལྷག་ཏུ་འབྱུང་བར་ཐེ་མི་ཚོམ་པས། དེ་དུས་ཁྱེད་རང་ཡང་གཞི་ནས་མི་ཚད་ལྡན་དང་འཇོན་ཐང་ཅན་ཞིག་ཡོང་བའི་ལམ་ཁར་ཕྱོགས་པའི་འགོ་བརྩམས་པ་ཡིན།
༧
བདག་གིས་ཅིག་ཅིག་ཉུག་ཉུག་བྲིས་ནས་སྐབས་འདིར་ཐོན་དུས། སློབ་མ་བསོད་ནམས་ལྷུན་གྲུབ་ཀྱིས་སྒོ་རྡུང་བའི་ཐག་སྒྲ་དང་བཅས་ནང་དུ་འཛུལ་ཡོང་ལ། སྔ་དྲོ་འབྲི་འགོ་བརྩམས་ནས་ད་བར་དུས་ཚོད་ལྔ་དང་ཕྱེད་ཙམ་འགོར་ཚར་ལ། རྩོམ་ཡིག་འདི་བྲི་རྒྱུའི་བསམ་པ་དང་ཁ་བྱང་ནི། ཞོགས་ཟས་ཟས་ཚར་ནས་ཅུང་མ་འགོར་བར་གཙང་སྤྱོད་ཁང་དུ་སོང་ནས་ག་ལེར་རྙེད་པ་ཡིན་མོད། ཡང་ལ་ལས་ཨ་ཨ་ད་དེ་ཚོ་བཤད་དགོས་ནི་ཞིག་མ་རེད་ཟེར་ན་ཐང་། སེམས་ཁམས་རིག་པ་དང་གསོ་རིག་ཕྱོགས་ནས་བལྟས་ན་དབང་བོ་ལྷོད་ལྷོད་ངང་དལ་བུར་བཟའ་བཏུང་གི་སྙིགས་རོ་རྩ་ཆུ་མར་འདོར་དུས་དང་། དེ་ལས་ཀྱང་གཙང་སྤྱོད་ཁང་ལ་མི་གཙང་བའི་དྲི་མ་མེད་ཅིང་གཙང་སིང་ངེར་ཡུན་དུས་སེམས་ཁམས་སྙོམ་སྒྲིག་དང་ཤེས་པ་གསལ་ཞིང་འཆར་སྒོ་ཡངས་པོར་འདུག་པར་གསུང་སྲོལ་ཡོད་པ་ཇི་བཞིན་རེད་ལ། དེ་དང་གཅིག་མཚུངས་ཀྱིས་ཁང་བའི་གྱང་ངོས་ཀྱི་རི་མོ་དང་ཚོན་མདོག་གིས་ཀྱང་སེམས་ཁམས་སྙོམ་སྒྲིག་འཇགས་མིན་ལ་འབྲེལ་བ་དམ་ཟབ་ཡོད་པ་དེ་བཞིན་ནོ།།
༨
ང་རང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་ཐག་སྒྲ་རེད་ཅེས་ཅི་འདྲ་ལབ་ཀྱང་། ད་ནི་མདོར་བསྡུས་ཏེ་མཇུག་གྲུབ་པར་ཉེ་བའི་སྐབས་འདིར། ཁ་སང་གིས་མ་འཁྱོངས་པ་དེ་ཁ་སང་གི་དུས་ཚོད་ལ་བཀོད་སྒྲིག་དང་བདག་མ་བརྒྱབ་པ་ཡིན་སྟབས། ང་རང་ཚོ་ཚེ་གང་བོར་སློབ་མ་ཡིན་པ་མ་བརྗེད་པར་དེ་རིང་གི་མི་གཤིས་མི་ལེགས་པ་དང་སྤྱོད་པ་མི་མཛེས་པ་དག་ཁ་སང་གི་འུ་ཅག་ཚོས་སློབ་གསོ་ཡང་དག་ཅིག་དང་ཚེ་སྲོག་ཡག་པོ་ཞིག་གཉོར་མ་ཐུབ་པའི་དབང་གིས། དེ་རིང་གི་ཚེ་སྲོག་རིན་ཐང་ལ་ཆོས་ཉིད་དང་འགལ་བའི་མཇུག་འབྲས་ནག་པོ་འདི་ཁོ་ན་ཡིན་པ་ཤེས་དགོས། འདི་ནི་སློབ་གསོ་གཉེར་མཁན་རྣམས་དང་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་གློ་སྙིང་མཆིན་གསུམ་དང་ཚེ་བླ་སྲོག་གསུམ་གྱིས་ཁ་ཕྱོགས་ཏེ་དུས་ཚོད་ཀྱི་རིན་ཐང་ཤེས་ན། ད་གཟོད་མི་གཤིས་དང་ཚེ་སྲོག་གི་རིན་ཐང་། མི་ཚེའི་རིན་ཐང་ལྟ་ཚུལ་ཡང་རིམ་གྱིས་ཤེས་ཡོང་བར་གདོང་ལེན་བྱ་བ་ནི། མི་ཚེ་འདིའི་ནང་གི་དུས་ཚོད་ནི་གལ་གནད་འགངས་ཆེན་ཞིག་དང་། འབད་འབུངས་སྙིང་རུས་ཀྱིས་ཧུར་བརྩོན་གྱིས་དོ་དམ་གང་ལེགས་བྱ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་དེའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10