སྐྱེས་སྐར་བསུ་བའི་སྙིང་གཏམ།

གཙང་ཞོགས་སྤྲིན།        2018-09-27

    འུ་གཉིས་ཐོག་མར་དུས་ཆད་བྱས་དུས་༢༠༡༢ལོ་ཡིན།ད་དུང་ཟླ་ཚེས་སོགས་ཀྱང་ངའི་སེམས་སུ་གསལ་བོར་ཡོད།འགྲིམ་འགྲུལ་སྟབས་མི་བདེ་བའི་ལམ་ཀྱོག་དེ་བརྒྱུད་ནས་རི་བོ་ཞིག་བརྒལ་རྗེས།འུ་གཉིས་འགྲོ་དགོས་ས་ཞིག་ལ་སླེབས་སོང་བ་ལྟར་སྤང་བདེ་མོ་ཞིག་ནས་ཡུན་རིང་ལ་བསྡད་པ་ད་དུང་དྲན་ནམ།ཅི་ཞིག་བཤད་དགོས་མི་ཤེས་ཀྱང་ཕན་ཚུན་ལ་ཆ་ཡོད་མདོག་གིས་ལ་བཤད་ལུང་བཤད་མང་པོ་ཞིག་བྱས་པ་ད་དུང་དྲན་ནམ།ཉིན་དེར་གནམ་གཤིས་ཡག་པོ་མེད་རྐྱེན་ཁྱོད་རང་ཧ་ཅང་འཁྱག་སོང་བ་ངས་ད་དུང་བརྗེད་མེད།སྐབས་དེར་འུ་གཉིས་ཕན་ཚུན་ལ་ཆ་རྒྱུས་མེད་རྐྱེན་ལས་ཀ་ཅི་བྱས་ཀྱང་འཛེམ་དོགས་བྱེད་སྲིད།

    ད་བར་དུ་ཕལ་ཆེར་ལོ་ངོ་གསུམ་ཙམ་འགོར་གྱིན་འདུགལོ་ངོ་འདི་དག་གི་རིང་ལ་འུ་གཉིས་ཧ་ཅང་སྐྱིད་སོང་།ད་དུང་ཕྱིར་དྲན་གྱི་ཀླུང་ན་འོད་དུ་འཚེར་བཞིན་འདུགདོན་དམ་པར་བཤད་ན།འུ་གཉིས་ཕན་ཚུན་ལ་ཡིད་ཆེས་པ་དང་བློ་ཁེལ་བའི་རྐྱེན་གྱིས་ད་བར་དུ་གཞན་དང་མི་འདྲ་བའི་འཚོ་བ་ཞིག་རོལ་བ་རེད།འཚོ་བ་དེ་ནི་འུ་གཉིས་ཐུན་མོང་གིས་བསྐྲུན་པ་ཞིག་ཡིན་པས།དེ་ལ་གཞལ་ཐབས་བྲལ་བའི་རིན་ཐང་ཞིག་ཡོད།རིན་ཐང་དེ་མང་པོ་ཞིག་གིས་མྱོང་རོལ་བྱེད་མི་ཐུབ།

    མ་གཞི།འུ་གཉིས་ཀྱིས་ཀྱང་གཞན་དང་འདྲ་བར་སྣང་བ་གར་སྐྱིད་དང་སེམས་པ་གར་གཡེང་བྱས་ན་ཆོག་མོད།བརྩེ་བ་རྣམ་དག་ཅིག་གི་ཆེད་དུ་འུ་གཉིས་ཀྱིས་ད་བར་དུ་ཕན་ཚུན་ལ་གློ་མེད་བྱས་མ་མྱོང་།

    མ་གཞི།འུ་གཉིས་ཀྱིས་ཀྱང་གཞན་དང་འདྲ་བར་ཕན་ཚུན་ལ་དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་བྱས་ན་ཆོག་མོད།དུང་བ་ཟོལ་མེད་ཅིག་གི་ཆེད་དུ་འུ་གཉིས་ཀྱིས་ད་བར་དུ་ཕན་ཚུན་མཐོང་ཆུང་བྱས་མ་མྱོང་།

མི་ལོ་འདི་དག་གི་རིང་ལ།འུ་གཉིས་ཀྱིས་དུས་རྟག་པར་ཕན་ཚུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་སེམས་ཁུར་བྱས་པ་ཡིན།ནམ་རྒྱུན་ཕན་ཚུན་ལ་སེམས་པ་གཏད་རེས་དང་སྙིང་གཏམ་བཤད་རེས་བྱས་པ་ཡིན།དྲང་མོར་བཤད་ན།དེ་ནི་ཧ་ཅང་སེམས་འགུལ་ཐེབས་པའི་དོན་དག་ཅིག་ཡིན་ཏེ།རང་ཉིད་གང་དུ་ཕྱིན་ཡང་བྱ་བ་ཅི་ཞིག་སྒྲུབ་ཀྱང་།དུས་རྟག་པར་རང་ལ་སེམས་ཁུར་བྱེད་མཁན་ཞིག་ཡོད་ན་བྱ་བ་དེ་སྒྲུབ་པ་ལའང་ཤུགས་ལྷག་མ་ཞིག་སྦྱིན་གི་འདུག

    སྙིང་ཉེ་མ།ད་བར་དུ།འུ་གཉིས་ཀྱིས་སྡུག་གི་ཁུར་བོ་མཉམ་ཁུར་དང་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་བྱས་པ་ཡིན་པས།འུ་གཉིས་ནི་ཕན་ཚུན་གྱི་འཚོ་བའི་ལག་རྟེན་དང་མི་ཚེའི་ལམ་གྲོགས་ལྟ་བུར་གྱུར་ཡོད།དེའི་དབང་གིས།མ་འོངས་པར་ཡང་།འུ་གཉིས་ནི་སྔར་བཞིན་དུ་འུ་གཉིས་ཀྱི་ལམ་རྟེན་དང་ལམ་གྲོགས་ཡིན་འོས་ལ།སྔར་བཞིན་དུ་ཕན་ཚུན་ལ་བརྩེ་བ་ཟབ་ཅིང་དུང་བ་རྒོད་པའི་སྙིང་ཉེ་དེ་ཡིན་དགོས།

    མི་ཚེ་ནི་འགྲུལ་བཞུད་ཐེངས་གཅིག་ཡིན་པས།མི་ཚེའི་ལམ་ཀྱོག་ཏུ་དཀའ་ངལ་འདྲ་མིན་དང་དོན་རྐྱེན་སྣ་ཚོགས་ལ་འཕྲད་སྲིད།གང་ལྟར་ཡང་།འུ་གཉིས་ནི་སྔར་བཞིན་འུ་གཉིས་ཡིན་འོས་ཏེ།ནམ་ཡང་ཕན་ཚུན་ལ་བཅངས་བའི་ཡིད་ཆེས་བརྟན་མོ་དེ་འདོར་མི་རུང་།ནམ་ཡང་ཕན་ཚུན་ལ་བཟུང་བའི་བརྩེ་བ་དག་མ་དེ་འགྱུར་མི་རུང་།

    དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་པས་ངས་ཁྱེད་ལ་རྟེན་འབྲེལ་གྲངས་མེད་ཅིག་ཞུ་འོས་ལ།ཁྱེད་དང་མཉམ་གཅིག་ཏུ་སྐྱེས་སྐར་སྐྱིད་པོ་ཞིག་རོལ་ཡང་དགོས་མོད།འོན་ཀྱང་།ཡུལ་གྱིས་བསྐལ་པས་རྒྱང་ཐག་རིང་ས་ཞིག་ནས་ཁྱེད་ལ་རྟེན་འབྲེལ་ཞུ་བ་ལས་ཅི་ཡང་མ་ནུས།ཡིན་ན་ཡང་།ངས་ཁྱེད་ལ་བཅངས་བའི་བརྩེ་བ་ནི་ཧ་ཅང་གི་རྣམ་དག་ཅིག་ཡིན་པས།དེ་ནི་ཁྱོད་ལ་སྦྱིན་པའི་ལེགས་སྐྱེས་ཡག་ཤོས་ཡིན།ལེགས་སྐྱེས་ཡག་ཤོས་འདི་ནི་ནམ་ཡང་ཁྱོད་ལ་དབང་བའི་ཁྱོད་ཀྱི་ལོངས་སྤྱོད་ཅིག་ཀྱང་ཡིན།

     དེ་རིང་ངེས་པར་དུ་ཁྱོད་རང་ཉིད་ཀྱི་ཨ་མ་དྲན་དགོས།ཨ་མའི་བཀའ་དྲིན་དྲན་དགོས།མི་ལོ་མང་པོའི་ཡར་སྔོན་གྱི་དེ་རིང་ལ་ཁྱོད་མི་ཡུལ་དུ་སླེབས་པས་སྐྱིད་པ་ལ།འོན་ཀྱང་ཨ་མས་ཁྱོད་ཀྱི་ཆེད་དུ་སྡུག་བསྔལ་མང་པོ་ཞིག་མྱངས་བས་སྡུག་པ་ལ།དེ་བས་ངེས་པར་དུ་ཨ་མ་དང་ཨ་མའི་བཀའ་དྲིན་དྲན་དགོས།

      གང་ལྟར་ཡང་།དེ་རིང་གི་དུས་ཚོད་ནི་ཁྱོད་ལ་དབང་བའི་ཉིན་མོ་ཡིན་པས།སེམས་པ་སྔར་ལས་དྭངས་བར་ཤོག ལུས་པོ་སྔར་ལས་ཡང་བར་ཤོགལུས་སེམས་སྔར་ལས་སྐྱིད་པར་ཤོགསྐྱེས་སྐར་ལ་རྟེན་འབྲེལ་ཞུ།གཅེས་ཕྲུག་མ།


  • ལེ་ཚན་སྔོན་མ།:བོད་ཀྱི་སྙན་ངག་པའི་མཚན་མོ་བསུ་བ།
  • ལེ་ཚན་རྗེས་མ།:ཉིན་དེར།