དཔའ་བུ་བསོད་ནམས་སྟོབས་རྒྱལ། དཀར་མཛེས། 2018-01-15
མཐར་ཕྱིན་སློབ་གྲོགས་ལྷན་རྒྱས་ལ། ངས་འདི་ནས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོ་སྐབས་འདི་དང་བསྟུན་ནས་ངས་སློབ་མ་རྣམ་པ་ལ་རེ་བ་གསུམ་གདོན་བསམ་གྱིན་ཡོད།
༡ རེ་བ་དང་པོ་ཅི་ཡིན་ཟེར་ན།ང་ཚོ་ལ་ཐུན་མོང་གི་སྐད་ཡིག་དང་ཕུལ་བྱུང་གི་རིག་གནས་ཡོད་པ་འདི་དག་ནི།གནམ་ནས་ཆར་བབས་བབས་དང་ས་ནས་རྩྭ་སྐྱེས་སྐྱེས་བཞིན་བྱུང་བ་ཞིག་མ་ཡིན་པར།རང་ཅག་གི་མེས་པོ་གོང་མ་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་གསུམ་དང་བརྗེས་ནས་ཐོབ་པའི་ནོར་བུ་རྩ་ཆེན་ཞིག་ཡིན་པས།ནོར་བུ་འདི་ད་ལྟར་རང་ལག་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་ན།གལ་ཏེ་ནོར་བུ་འདི་གཞན་ལག་ཏུ་ཤོར་སོང་ན་རྗེས་སུ་ཅི་འོང་ཤེས་ཐུབ་པ་རེད།དེ་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཚོས་ད་དུང་མུ་མཐུད་དུ།བོད་ཀྱི་སྐད་ཡིག་རིག་གནས་རང་གིས་སློབ་སྦྱོང་བྱ་རྒྱུ་མ་ཟད།རང་གི་བུ་རབས་ཚ་རྒྱུད་ཚོ་ལའང་སྦྱང་རྒྱུའི་འོས་འགན་བརྒྱུད་སྤྲོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
༢ རེ་བ་གཉིས་པ་ཅི་ཡིན་ཟེར་ན།ང་ཚོ་ལ་རིག་གནས་ཡོད་པ་ཙམ་གྱིས་མི་ཆོག་པར།
ད་དུང་མི་གཞི་ཡག་པོ་ཞིག་ཆགས་རྒྱུ་དེ་གལ་ཧ་ཅང་ཆེན་པོ་རེད།དཔེར་ན་མི་ཞིག་གཡུལ་སའམ་འཛིང་ས་ཞིག་ལ་སླེབས་རྗེས།མི་དེ་ལ་དགྲ་བོ་ལས་རྒྱལ་འདོད་ཀྱི་ཆོད་སེམས་དང་སྙིང་སྟོབས་ཤིག་མེད་ན།ལག་ལ་མཚོན་ཆ་ག་འདྲ་ཞིག་ཡོད་ཀྱང་མི་ཕན་པ་ནང་བཞིན་ཡིན་པས།ཚང་མར་རིག་གནས་ཡོད་པའི་ཐོག་ནས་མི་གཞི་ཡག་པོ་ཞིག་དང་ལྷག་བསམ་རྣལ་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
༣ རེ་བ་གསུམ་པ་ཅི་ཡིན་ཟེར་ན། ཁྱེད་ཚོ་སློབ་མ་རྣམ་པ་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཚར་བའི་རྗེས་སུ།ཡིན་གཅིག་མིན་གཅིག་གཞུང་ཞབས་པ་ཞིག་དང་དགེ་རྒན་ལྟ་བུ་ཞིག་གམ།ཡང་ན་རྒྱལ་ཁབ་གཞུང་འབྲེལ་གྱི་ལས་ཁུངས་ཤིག་གི་ནང་དུ་མ་ཡིན་ན།སྤྱི་ཚོགས་སྟེང་ན་རང་ལ་ལས་ཀ་ལས་རྒྱུ་མེད་པ་ལྟ་བུ་ཞིག་གི་འདུ་ཤེས་མི་འཛིན་པར།སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་རུ་རང་རང་ལ་ཆེས་འཚམས་པའི་ལས་ཀ་ཞིག་བསྒྲུབ་རྒྱུ་ཡོད་ངེས་པའི་ཡིད་ཆེས་བྱེད་བཞིན།བོད་པའི་རྗེས་རབས་པ་ཡག་པོ་ཞིག་བྱ་རྒྱུའི་རེ་བ་ཞུ་བ་ཡིན།མཇུག་ཏུ་སློབ་གྲོགས་རྣམ་པའི་ལུས་ལ་ན་ཚ་མེད་ཅིང་།སེམས་ལ་སྡུག་བསྔལ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10