རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ།

ཀླུ་འབུམ་ཚེ་རིང་།        2017-11-22

      སྤྲིན་དཀར་པོ་ཚོམ་བུར་བཀྲ་བའི་མཐོངས་དབྱིངས་ན་ཅི་ཞིག་གི་འབོད་པ་ཡོད་དམ།  གཤོག་ཟུང་གི་འདབ་ལག་རྒྱས་མ་ཐག་གི་བྱེའུ་ཞིག་ཐེ་ཚོམ་དང་ནེམ་ནུར་ཅི་ཡང་མེད་པར་ཚང་ནས་བུད་དེ་དགུང་ནམ་འཕང་བསྟོད་དུ་འཕུར་སོང་།  གཤོག་པ་རྡེབ་ཀྱིན་ལྡོང་སྐོར་བྱེད་པའི་གཤོག་ཐོགས་དེས་ཁ་མར་འཁོར་ཐེངས་རེར་དམའ་མོ་ཐང་གི་དུས་ཚིགས་ཀྱི་འཕོ་འགྱུར་མཐོང་ལམ་དུ་ལེན་མིན་མི་ཤེས་མོད།  ནམ་ཞིག་གི་ཚེ་ན་ཁོ་ལ་ཡང་ཚང་དང་བྲལ་པའི་ཁེར་རྐྱང་གི་གདུང་བ་མེད་མི་སྲིད་ལ།  ནམ་ཞིག་གི་ཚེ་ན་རླུང་ཁ་ནས་ཟད་པའི་འདབ་གཤོག་ཤུགས་ཀྱིས་འཇུམས་བཞིན་ཕྱིར་སྒོ་ངའི་སྦུབས་ལས་གྲོལ་སའི་ཚང་དུ་ལོག་ངེས།  ངས་མགོ་བོ་ཡར་ལ་བཏེགས་ཏེ་བར་སྣང་ལ་ལྟ་བཞིན་ཡ་གིའི་བྱ་དེ་ནི་ཡུལ་གྱར་པ་རང་ཉིད་ཡིན་ནམ་སྙམ།  འོན་ཀྱང་ད་ལྟའི་ང་ནི་བྱ་དེ་ལ་གཏན་ནས་འགྲན་མི་ནུས་ཏེ།  ང་ཁོ་ཡི་དོ་ཟླར་མི་ཕེར།  ཚང་དང་བྲལ་བའི་ལས་དབང་གཅིག་ཏུ་མཐུན་ནའང་།  ངས་ལོ་དུ་མའི་རིང་ལ་རང་གི་བར་སྣང་དུ་གཤོག་རྩལ་ཅི་དགར་ངོམ་མ་ཐུབ་ལ།  དགུང་ནམ་འཕང་བསྟད་པ་ཞིག་ཡིད་ལ་མི་འཆར།  བསམ་དོན་རི་མོ་འགྲུབ་པའི་སླད་ཕ་ཡུལ་རྒྱབ་ཏུ་བསྐྱུར།  གཞན་ཡུལ་པང་དུ་ལེན་པའི་ལས་དེ་ཐོད་དུ་བླངས་པས།  རི་མཐོན་པོར་ང་མ་ཐོགས་ལ།  ཆུ་ཆེན་པོས་ང་མ་ཁོགས།  ཆུ་བོ་འཕྲེད་ཀྱིས་བཅད།  རི་བོའི་ཕྲག་ནས་བརྒལ།  མཐར་རེ་ཞིང་སྨོན་པའི་ཡུལ་དེའི་ཕ་རོལ་ཏུ་སོན་མོད།  ཞག་ཅིག་གི་མགྲོན་པོ་ཙམ་ལས་ཅི་ཡང་མིན་པའི་ས་མཐའི་བདག་གི་སེམས་པ་གཞན་ཡུལ་ནས་ཕྱིར་ཕྱོགས་ཏེ་རྒྱང་རིང་གི་རི་རྒྱུད་ཕ་རོལ་ཏུ་ཤོར།

      གཤོག་ཐོགས་དང་འདྲ་བའི་བདག་གི་སེམས་པ་རི་བོའི་ཕ་རོལ་ཏུ་ཤོར་ཅིང་ཕ་ཡུལ་གྱི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་ཐེངས་རེར་ཆུ་ལྟར་བཞུར་བའི་ལོ་ཟླ་དག་སླར་ཡང་ཕྱིར་དྲན་གྱི་ཀློང་ན་འབབ་ཀྱིན་འདུག་ལ།  ཆུང་དུས་ཀྱི་ཞེ་འདོད་དང་སྟོང་སེམས་དག་ཀྱང་རླབས་རྩེའི་ཟེགས་མ་བཞིན་འཐོར་གྱིན་འདུག

      སྡེ་འདབས་ན་ལྷུང་ལྷུང་དུ་འབབ་པའི་གྲམ་ཆུ་སྔོན་མོ་ནི་གནའ་བོའི་གྲོང་སྡེའི་དར་རྒུད་དབྱངས་རྟར་འགུགས་པའི་སྒྲུང་པ་ཞིག་དང་འདྲ་བར་བཞུར་བའི་འགྲོས་ལ་གཞར་ཡང་བར་མཚམས་མེད།  ཞོགས་པའི་ཟེར་ཕྲེང་གིས་བཞུར་ཆུ་ལ་མཆུ་དག་སྦྱོར་དུས་ལྕགས་ཁེམ་འཁུར་བའི་ཡུལ་མི་ཚོའི་རྒྱབ་གཟུགས་གྲམ་ཆུའི་ཕ་རོལ་གྱི་ཞིང་ཁ་ན་གཡོ་འགུལ་བྱེད་ཅིང་།  དགོང་ཁའི་མཚམས་སྤྲིན་ནུབ་མཐའ་ནས་འབར་དུས།  སེར་ལམ་མེར་འཚེར་བའི་གྲམ་ཆུའི་ངོགས་ན་སླེ་བོ་ཁུར་བའི་ཡུལ་མི་ཚོ་རྡོའི་ཟམ་སྟེགས་ལ་རྡོག་པས་གནོན་བཞིན་སྡེ་བའི་ཕྱོགས་སུ་སྐྱོད།  ལྷུང་ལྷུང་གི་བཞུར་སྒྲ་ནི་སྙིང་ཉེ་བའི་འབོད་པ་ཡིན་པས།  རྡོ་དང་རྡེའུ་ཐང་མར་བརྡལ་བའི་གྲམ་གཞུང་ནི་ན་ཆུང་བྱིས་པ་ཚོ་མ་བོས་རང་འདུས་རྒྱག་ས་ཡིན།  ཆོ་བོའི་བཞུར་སྒྲ་གསལ་ཞིང་དྭངས་ལ་ཝུ་དཀར་གྱི་ཟེགས་མ་དག་རྡོ་གསེབ་ན་འོད་ཀྱི་ཐིག་ལེར་འཚེར།  དྭངས་གསལ་གྱི་ཆུ་ནང་དུ་སྔོ་ཞིང་བསངས་པའི་ནམ་མཁའ་དང་སྤྲིན་གྱི་འདབ་མ་གཟུགས་སུ་འཆར།  ཆུའི་ནང་ལ་ཅེར་བཞིན་བདག་ལ་གཏིང་དཔོག་དཀའ་བའི་ངོ་མཚར་དང་ལྐོག་གྱུར་ཡལ་མེད་ཅིག་སྐྱེ་རུ་བཅུག    དེ་དུས་ཆུ་ཞབས་ཀྱི་རྡེའུར་ལྟ་བའི་བྱིས་བློ་ཡིས་འགྲེལ་རྒྱག་མ་ནུས་པར་ཡོད་ཚད་ཆུ་འགྲམ་དུ་ལུས།  གྲམ་ཆུའི་མགོ་འདི་སྟོད་ཕྱོགས་རྫ་ལ་ཐུག་ཟེར་མོད།  ཆུ་རྔ་གང་ནས་བསྡུས།  ཐག་རིང་ཐག་རིང་ཞིག་ལ་བཞུར་རམ་ཞེས་ལུང་པའི་མདའ་རུ་ཅེར་ཏེ་ལན་མི་འཁེལ་བའི་དྲི་བ་སྣ་ཚོགས་བཏོན།

      ནེའུ་ལྡངས་ཚོའི་ཆུ་རྩེད་དང་ཆུ་རྐྱལ་རྩེད་འཇོའི་དགའ་འབོད་དང་འུར་ཟིང་གི་སྒྲས་གྲམ་གཞུང་ཧྲིལ་བོར་དང་འུར་གྱིས་ཁེངས་མོད།  མཚར་སྣང་དང་རྟོག་བཟོ་ལ་མོས་པའི་ང་གཅིག་པུ་རྡོ་ཕ་བོང་སྟེང་གན་རྐྱལ་དུ་ལོག་སྟེ་ཨ་སྔོན་དབྱིངས་ཀྱི་སྤྲིན་པའི་བཞུད་ཚུལ་ལ་བལྟས།  ཁུ་སིམ་མེར་བྱིས་བློའི་སྣང་བ་རུ་མཁའ་དབྱིངས་ཀྱི་སྤྲིན་དཀར་དེ་གསོན་ཉམས་ཀྱིས་བརྟས་པའི་གཟུགས་སྣ་ཚོགས་སུ་སྤྲུལ།  སྐབས་རེར་གཡང་དཀར་ལུག་ཏུ་མཐོང་ལ་སྐབས་རེར་མེ་ཏོག་ཆུན་པོ་ཡིན་སྣང་ཤར།  ཡང་སྐབས་རེར་རྔ་ཡབ་གཡོབ་པའི་ལྷ་མོ་ཞིག་ཏུ་བསྒོམས།  སྐབས་རེར་དེ་ནི་བྱིས་བློ་དྭངས་མ་ནས་འཛུམ་པའི་ཆེས་ཡི་གར་འོང་ཞིང་ལྷད་མེད་ལྷག་བས་གྱི་སྙིང་པོ་སེམས་ཀྱི་རི་མོར་བབ་པ་ཡིན་ཙ་ན།  ད་ལྟ་འཇིག་རྟེན་གྱི་ཁ་དོག་མིག་གིས་མཐོང་ཞིང་མིའི་བྲོ་བ་སྣ་ཚོགས་རོལ་མྱོང་བྱེད་བཞིན་ས་རྡུལ་གྱི་ཀློང་ནས་ནར་སོན་དུས་ངས་ཕ་ཡུལ་གྲམ་ཆུའི་འགྲམ་ནས་བསྐྱུར་བའི་བྱིས་བློ་དེ་ཡང་བསྐྱུར་ཡིད་ཀྱི་མཁའ་ལ་རྟོག་པའི་པིར་གྱིས་མཐའ་དག་འབྲི་ཐུབ་བམ།  བོར་ཟིན་པའི་བྱིས་སེམས་དྭངས་མ་དང་མཚར་སྣང་དུ་སྦྲུམ་པའི་ནོར་བུ་དག་ཟང་ཟིང་འདུ་འགོད་ཀྱི་ཁྲོད་ནས་ཇི་ལྟར་བཙལ།

      ཕྱི་དྲོའི་དུས་སུ་རྒྱུན་པར་ཨ་མའི་ལས་བཅོལ་བཞིན་སླེ་བོ་རྒྱབ་ལ་ཁུར་ཏེ་སྔོ་རྩྭ་འཐུ་རུ་འགྲོ་དགོས།  གྲམ་ཆུ་བརྒལ་རྗེས་ཞིང་ཁ་དང་ཞིང་གཉའི་རྐ་ཁ་ནས་སྔོ་རྩྭ་བཏུས།  རྒྱབ་གཞུང་ཁྲ་ཐིག་ཅན་གྱི་གློག་སྦལ་མིག་འབུར་དག་བདག་ལ་འདྲོགས་ཏེ་ལྡིང་ཞིང་བྲོས།  ཕྱེ་མ་ལེབ་ཀྱང་རྩྭ་མགོ་ནས་འཕུར་ལྡིང་བྱས་ཏེ་ངའི་མདུན་ཐད་དུ་གཤོག་རྡེབ་བྱེད།  དེ་ནི་ང་ལ་བྱིས་པ་སྣབས་ལུད་ ་ཁྱོད་ངར་བ་ཡིན་ན་ང་གཟུང་དུ་ཤོག་དང་ཞེས་བསམ་བཞིན་དུ་བརྙས་བཅོས་དང་འགྲན་སློང་བ་དང་འདྲ་བས།  ལག་པ་ཀྲབ་བེར་བསྲིངས་ཏེ་གཟུང་བར་འདོད་པའི་བློ་དེ་བཟློག་མ་ཐུབ་པར་འོལ་ཚོད་ཀྱིས་གང་སར་དེད་དེ་ཕྱིན།  ཡིན་ནའང་ཕྱེ་མ་ལེབ་ནི་འཕུར་གྱིན་འཕུར་གྱིན་མཐོ་ནས་མཐོ་རུ་སོང་བས།  ཡུད་ཙམ་གྱི་རྗེས་ནས་མཐོངས་སུ་ཡལ།  སྐབས་དེར་མགོ་བོ་ཡར་ལ་དགྱེ་བའི་ལྟ་ཕྱོགས་ཤིག་གིས་རྒྱང་རིང་སྨུག་སྤྲིན་གྱི་ཀློང་ན་འགྱིང་བའི་རི་བོའི་ཚོགས་མཐོང་ཞིང་དེའི་མུར་ད་ཅིའི་ཕྱེ་མ་ལེབ་དེ་མི་མཐོང་བ་ནི་རི་ཚོགས་ཀྱི་ཕག་ཏུ་ཡལ་བ་ཡིན་ནམ།  རིའི་ཕ་རོལ་ན་ཆི་ཞིག་མཆིས།  བདག་ཀྱང་ཕྱེ་མ་ལེབ་བཞིན་གཤོག་པ་ཐོགས་ཏེ་མྱུར་དུ་འཕུར་ཐུབ་ན་ཅི་མ་རུང་སྙམ།  སྟོང་བསམ་རྫོགས་མེད་ཅིག་གིས་ངའི་ལྷིང་འཇགས་ཀྱི་སེམས་པ་ཡོངས་སུ་དཀྲུགས་ལ།  རྒྱང་དུ་བཏབ་པའི་མིག་གི་འོད་ཞགས་དང་མཉམ་དུ་སེམས་པའང་དེ་ལྟར་རི་བོའི་ཕར་རྒྱབ་ལ་ཤོར།  ཞིང་ཁ་ན་ཧད་པའི་བདག་གིས་རེ་ཞིག་སྔོ་རྩྭ་བཏུ་རྒྱུའང་བརྗེད་སོང་།

       ༢

      ར་ལུག་རྣམས་ལྷོད་ལ་བབ་པའི་ངང་རི་ངོས་སུ་གཟན་རྩྭ་ལ་བཀྲམ་ཞིང་།  འབའ་སྒྲ་ལུང་མཐིལ་གྱི་རྫ་ཆུ་དང་བསྡེབས་ཏེ་མཁའ་དབྱིངས་སུ་མཆེད།  དེར་མཐུད་ནས་སྟོང་འཇགས་ཤིག་ལུང་པའི་ཉིན་སྲིབ་ཀུན་ཏུ་བསྐྱིལ་ཡོང་།  རྫ་བོ་ཡིན་པའི་བདག་གིས་རྫི་གླུ་ལེན་མི་ཤེས་ལ་གླིང་བུ་དེ་བས་ཀྱང་འབུད་མི་ཤེས།  འུར་ཆ་མགོ་རུ་བསྐོར་ཏེ་ར་ལུག་ཕར་ལ་འདེད་བཞིན་རི་བོའི་སྤོ་ལ་འགོས།  མཐོན་པོའི་རི་རྩེ་ལ་བུད་པ་དང་བདག་གི་སེམས་ཁམས་དེ་འཕྲལ་འབྱམས་ཀླས་པར་གྱུར་ལ་མཐོང་རྒྱ་ཆེ་རུ་བསྐྱེད།  སྣང་བ་ཡང་ལྡབ་འགྱུརགྱིས་ལྗོན་ཤིང་ཐར་ཐོར་དང་སྨད་ཀྱི་ཁུད་གཞོང་ན་ཆགས་པའི་རུ་སྡེ།  རྣང་མའི་ཞིང་རྣམས་མིག་འོག་ཏུ་སྡུད་ཐུབ།  གཞུང་ལམ་ན་ཤར་སྐྱོད་བྱེད་པའི་རླངས་འཁོར་ཡང་མཐོང་ཐུབ།  དེ་དུས་ང་ལོ་ན་བཅུ་ཙམ་ལ་སོན་མོད།  རླངས་འཁོར་ལ་ད་དུང་བསྡད་མ་མྱོང་།  ནམ་ཞིག་གི་ཚེ་ན་རང་ཡང་རླངས་འཁོར་ལ་བསྡད་དེ་ཐག་རིང་ཡུལ་དུ་ལྟད་མོར་འགྲོ་ཐུབ་བམ།  རླངས་འཁོར་ལ་བསྡད་མྱོང་བའི་ཆུང་གྲོགས་ཚོ་ལ་ཡིད་སྨོན་སྐྱེས་པའི་མོད་ལ་རླངས་འཁོར་ལ་འདུག་ཐུབ་པའི་སྨོན་ལམ་ཡང་ཡང་བཏབ།  ཤར་སྐྱོད་བྱེད་པའི་རླངས་འཁོར་དག་གིས་བདག་གི་རེ་སྨོན་དང་ཕུགས་འདུན་ཁྱེར་ཏེ་རི་བོའི་གསེང་དུ་འཛུལ།  བདག་གིས་གནམ་ས་འདྲེས་མཚམས་སུ་མིག་སྐྱེལ་བྱེད་བཞིན་སེམས་ཁོང་ནས་འདྲི་ཚིག་མང་དུ་བྱུང་།  རི་བོའི་ཕ་རོལ་ན་ཡང་སྙིང་ཅི་ཞིག་ཡོད།  གྲང་ཆུ་སྔོན་མོ་ཡང་འདི་ནས་བཞུར་ཏེ་རྒྱང་རིང་རྒྱང་རིང་དུ་འབབ།  དབྱིངས་སུ་སྐྱོད་པའི་སྤྲིན་དཀར་དང་མཁའ་རུ་ལྡིང་བའི་རྒོད་པོ་དག་ཀྱང་རྒྱང་རིང་གི་རི་བོར་གཏད་དེ་བསྙེགས་སོང་།  སྐབས་དེར་བསེར་མ་རླུང་ཞིག་ཡང་མོར་ལྡང་བཞིན་རྩི་ཏོག་གཉིད་ལས་བསླངས་ཤིང་མེ་ཏོག་ལ་འཛུམ་ཞིག་བསླངས་རྗེས།  བདག་གི་སྐྲ་ལོ་ལ་བྱིལ་བྱིལ་བྱས་ཏེ་གོམ་པའི་འགྲོས་ནི་རི་བོའི་ཕར་ལ་བསྒྱུར།  བདག་གི་སེམས་ཀྱང་རྒྱང་རིང་ཡུལ་དུ་ཁྲིད།  ཁྲེས་པོ་རྒྱབ་ལ་ཁུར་ཏེ་ཞོར་ལས་གཉེར་དུ་ཕྱིན་པའི་ཨ་ཕ་དང་ཕུ་བོ་གཉིས་ཀྱང་རི་བོའི་ཕ་རོལ་ཏུ་སོང་བ་ཡིན་ནམ་སྙམ།  རེ་བས་སྒུག་པའི་ཁོ་ཚོ་ནམ་ཞིག་ལ་འདོད་དོན་ལག་ལ་སོན་ཏེ་ཕྱིར་ཡུལ་དུ་ལྡོག་གམ།  རི་མགོར་ཁེར་རྐྱང་དུ་ལུས་པའི་ང་ལ་བྲག་ཅར་འཁོར་བའི་ཁུ་བྱུག་སྔོན་མོའི་གསུང་སྐད་ཀྱིས་དྲན་གདུང་ཆེ་རུ་བསྩལ།  སྤྲིན་དཀར་ལང་ལོང་གཡོ་བའི་གནམ་ས་འདྲེས་མཚམས་སུ་བཏབ་པའི་རབ་རིབ་ཀྱི་མིག་ཞགས་ཚུར་སྡུད་མ་ཐུབ་ལ་ཤོར་ཟིན་པའི་སེམས་པའང་ཕྱིར་འགུག་མ་ཐུབ།

      ༣

      དཔེ་ཁུག་རྒྱབ་ལ་ཁུར་ཏེ་ཡུལ་གྱི་རྐང་ལམ་ཕྲ་མོ་བརྒྱུད་ཐེངས་རེར་རྒྱང་རིང་དུ་ན་བུན་གྱི་མགུལ་ཆིངས་དཀྲིས་པའི་རི་བོ་དེ་མཐོང་ཐུབ་ཅིང་།  མཐོ་ཞིང་བརྗིད་ལ་བསླུ་བྲིད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་རི་བོ་དེ་ནི་ངའི་སེམས་ཀྱི་གནམ་ལྷའམ་ས་གཉན་ལྟ་བུར་གྱུར།  རི་བོ་དེས་ང་ལ་ཚུར་ཤོག་གི་འབོད་པ་གཏོང་བཞིན་འདུག་པས།  རྩ་ལམ་གྱི་ཁྲག་གི་རྒྱུ་བ་དང་སྙིང་གི་འཕར་ལྡིང་ཇེ་དྲག་ཏུ་ཕྱིན།  དེ་ནས་བཟུང་ཞོགས་པའི་ཉི་གཞོན་ལྟ་བུའི་རེ་བ་ཞིག་ངའི་སེམས་ཁོང་ནས་འཚེར་ལ་དགོང་ཁའི་མཚམས་སྤྲིན་ལྟ་བུའི་སྤོབས་པ་ཞིག་ངའི་སྙིང་ཁོང་ནས་འབར།  དབྱངས་གསལ་ཀློག་འདོན་གྱི་ཁྲོད་ན་བདག་གི་འབྱུང་འགྱུར་གྱི་དགའ་འབོད་འཛུམ་ལ་དཀར་གཙང་ཤོག་བུའི་ངོས་སུ་བདག་གི་རེ་འདུན་བཞུར།  རི་བོའི་ཕ་རོལ་གྱི་རེ་སྙེག་གི་ཆེད་དུ་བདག་གིས་གཏན་གྱི་འདུན་མ་དང་ཕུགས་བསམ་དེ་ནག་ཆུང་ཡེ་གེའི་ཕྲེང་བར་བརྒྱུས་ཏེ་སེམས་ཀྱི་གསེང་ལ་ཉར།

      གསེར་ལྡན་གྱི་དུས་དེར་ངེད་ཚང་ལ་སྟོན་ཐོག་གཞུན་པོ་འོངས་ཤིང་བྱི་རུ་ལྟ་བུའི་འབྲུ་རྡོག་མང་པོ་བང་དུ་བསྡུ་རྒྱུ་བྱུང་།  བུ་ཆུང་ང་ཡི་ཁ་ལས་རླུང་རྟའང་བར་སྣང་དུ་བསྐྱོད་དེ་རྒྱུགས་འབྲས་ཕུལ་དུ་ཕྱིན་པ་བླངས་པས།  ཕ་ཡུལ་དང་བར་ཐག་རིང་བའི་གྲོང་ཁྱེར་དུ་འགྲིམས་ཏེ་སློབ་གཉེར་བྱེད་པའི་སྐལ་བ་སྨིན།

      ལོ་གསུམ་གྱི་རྗེས་སུ་བདག་གིས་གོར་མའི་རིས་སུ་བབས་པའི་ཞེ་དམ་ཡིད་ལ་བཅངས་ཏེ་རྒས་འཁོགས་ཀྱི་ཕ་མའི་མིག་ཆུ་སྐྱེལ་མར་འབོད་བཞིན་རྒྱང་རིང་ཡུལ་དུ་ཆས།  འོན་ཀྱང་རྒྱུས་མེད་ཡུལ་གྱི་རི་དང་ཆུ་བོས་ང་དྲོད་སྐྱིད་ཀྱི་ཁུད་དུ་མ་ཉར།  བདག་གིས་ཐག་རིང་ནས་ཁྱེར་འོངས་པའི་རེ་སྨོན་དང་བསམ་བྱ་དག་ཀྱང་བརྩེ་མེད་མངོན་སུམ་པའི་མདུན་ནས་གཤོག་རྐྱོང་གིས་ནམ་འཕང་མ་བསྟད་པར་ཡོད་ཚད་བག་འཁུམས་སུ་ལུས།  ཕོ་ལོ་ཉི་ཤུའི་ལང་ཚོ་ཟ་ཟི་སྣང་བས་ཤུགས་ཀྱིས་བཅོམ།  ལོ་དུ་མའི་བྲེལ་བྲེལ་འཚུབ་འཚུབ་དག་མཐའ་མར་སྙིགས་རོ་འབའ་ཞིག་ཏུ་ཟད།  ད་ལྟ་ལག་སྟོང་མཆན་ལ་བཙིར་ཚེ་ཤུལ་མེད་རྗེས་མེད་དུ་སོང་བའི་ལོ་ཟླ་དག་ལ་ཕྱིས་འགྱོ ད་རི་ལྟར་ལྕི།  ངོ་གནོང་ཞིག་གིས་མགོ་བོ་ཡར་ལ་འགྱོ གས་དཀའ་ཡི།  འཁོས་ཆུང་དང་ཉམ་ཆུང་དུ་གྱུར་དུས་ཕ་ཡུལ་སེམས་ལ་དྲན་ཞིང་།  ཕ་མ་གཉིས་པོ་བར་མེད་དུ་མིག་ལམ་དུ་འཆར།  གཞིས་ཆགས་མིན་པའི་སེམས་པ་འདི་ནས་ཕྱིར་འཁོར་ཏེ་རྒྱང་རིང་རི་བོའི་ཕ་རོལ་ཏུ་ཤོར་ལ།  སྨྲ་མི་ཤེས་པའི་འགལ་ཟླའི་ཚོར་འདུ་དང་མི་ཐེག་པའི་དྲན་གདུང་ཞིག་གིས་འདི་ལྟར་སྒོ་རུ་འགྲེང་སྟེ་རབ་རིབ་ཀྱི་མིག་ཟུང་གནམ་སའི་མཚམས་ལ་གཏད་དགོས་བྱུང་།


  • ལེ་ཚན་སྔོན་མ།:གངས་ཆབ་སྔོན་མོ།
  • ལེ་ཚན་རྗེས་མ།:དཔེ་ཆ་པོད་གསུམ།