གངས་ཆབ་སྔོན་མོ།

མུན་འཇོམས་སྒྲོན་མེ།        2017-11-22

གངས་ཆབ་སྔོན་མོ།  ང་ཁྱོད་དང་འགྲོགས་ཏེ།  ཁྱོད་ཀྱི་ཟུངས་བཅུད་མངར་མོའི་ཉིང་ཁུ་དང་བདུད་རྩི་སྔོན་མོའི་བཞུར་རྒྱུན་ལ་འདོད་དགུར་སྤྱད་ཅིང་།  ལྷུང་ལྷུང་འབབ་པའི་དབྱངས་རྟར་རྣ་བ་གོམས་ནས་མི་ལོ་སུམ་ཆུ་འདས་སོང་།  དེ་ལྟ་ནའང་།  ཁྱེད་ནི་བདག་པོ་བྲལ་པའི་ཐུན་མོང་གི་སྤྱི་ཆོས་ཤིག་ལགས་པས་ཡིན་ནམ།  ཡང་ན་འཇིག་རྟེན་སྣོད་བཅུད་ཀྱི་རྒྱལ་ཁམས་འདི་ཁྱོད་ལ་བརྟེན་ཅིང་།  ཁྱོད་ཀྱིས་འཚོ་དགོས་པའི་ཕྱིར་ཡིན།  ད་ལྟའི་བར་དུ་ཁྱོད་ཀྱི་ཡོན་ཏན་དང་སྐུ་དྲིན་ཅུང་ཟད་ཀྱང་བསམས་མ་མྱོང་ལ།  བརྗོད་དེ་བས་ཀྱང་མ་ཤེས།  འཇིག་རྟེན་དུ།  བླ་མའི་གམ་ན་ཡོད་དུས། །སྐུ་ཡོན་རང་གིས་མ་ཤེས། །བླ་མར་ཁ་ཐག་རིང་དུས། །སྐུ་ཡོན་སེམས་ལ་འཁོར་ཡོང་ཟེར་བ་ཅིས་མ་བདེན།  ང་འདི་ལྟར་ཁྱོད་དང་བདག་གི་ཕ་ཡུལ་དང་གྱེས་ཏེ་ཆེས་རྒྱང་ཐག་རིང་བའི་འཇིག་རྟེན་གྱི་གྲུ་ག་ཞིག་ཏུ་ཁྱོད་ཀྱི་གཞན་གཅེས་ཀྱི་སྤོབས་པ་དང་།  མཛད་རྗེས་ཀྱི་སྣང་བརྙན།  བླ་ན་མེད་པའི་སྐུ་ཡོན་གྱི་བང་རིམ་རྣམས་འདི་ལྟར་དྲན་ཡོང་།

     གངས་ཆབ་སྔོན་མོ་ལགས།  ཞོགས་པའི་སྐྱ་རེངས་ཤིག་གི་འཛུམ་ཞལ་མངོན་དུ་གྱུར་དུས།  ངས་གནའ་མཁར་ཟི་ལིང་ནས།  འགྲུལ་བཞུད་མེ་འཁོར་གྱི་འདུག་བྱང་ཉོས་ཤིང་།  ཁྱོད་ཀྱི་ཆུ་ལག་གི་བཞུར་རྒྱུན་ཞིག་དང་འགྲོགས་ཏེ་ཤར་ཕྱོགས་ནས་ཤར་ཕྱོགས་སུ་བསྐྱོད།  མེ་འཁོར་གྱི་མྱུར་མོའི་འགྲོས་དང་མཉམ་དུ།  བདག་གི་འདུག་སྟེགས་ཡོད་པའི་གཡས་གཡོན་གྱི་དྲ་མིག་དག་ལས།  རྫིང་དང་མཚེའུ།  ཆབ་དང་ཆུ་བོ།  མེ་ཏོག་དང་ལྗོན་ཤིང་།  ཚོན་མདངས་བཀྲ་བའི་གློག་འོད་དང་།བླ་ན་མཐོ་བའི་ཁང་རྩེག    གྲོང་དང་གྲོང་ཁྱེར།  མི་ཚོགས་ཀྱི་འདུ་འགོད།  རི་ལུང་ཐང་གསུམ་སོགས་འཇིག་རྟེན་སྣོད་བཅུད་ཀྱི་བཀོད་པ་ཆེས་མང་པོ་ཞིག་གིས་ང་ལ་ཆེད་དུ་བསུ་བ་ཡིན་ནམ།  འཚང་ག་ཤིགས་ཤིགས་བྱེད་བཞིན་གཅིག་རྗེས་གཉིས་མཐུན་ཀྱིས་བདག་གི་མིག་ལམ་དུ་ཞོགས་ཡོང་།  རང་བྱུང་དང་རང་བྱུང་མ་ཡིན་པའི་འཇིག་རྟེན་ལས་ངོ་མཚར་བའི་ཡུལ་དང་བློ་ཡུལ་ལས་འདས་པའི་བཀོད་པ་མང་པོ་མུ་མཐུད་ནས་བློ་ཡི་རྒྱགས་ཕྱེ་དང་།  མིག་གི་དགའ་སྟོན་དུ་ཐོབ་པའི་མུ་ལ་ང་ཁྱོད་ཀྱིས་བསྐྲུན་པའི་ཞི་བདེའི་འཇིག་རྟེན་དང་རིན་ཆེན་གྱི་བང་མཛོད་དེ།  རྒྱ་མཚོའི་ཉེ་འགྲམ་དུ་འབྱོར།  དེ་དུས་བདག་གིས་ཐོག་མར་མཐོང་བ་ནི།  ཁྱོད་ཀྱི་ལྷུང་ལྷུང་གི་བཞུར་རྒྱུན་དང་ཚེ་འཇུག་གི་ཉིང་བཅུད་མཐའ་མ་རྒྱ་མཚོའི་ཀློང་དུ་འདྲེས་ཏེ་ཞི་བདེའི་མངའ་ཐང་གསོ་བའི་རྣམ་པ་འདི་དག་ཡིན།  དེ་ཚེ་བདག་གི་ཤ་དང་རུས་པའི་ཁོང་གསེང་དང་།  གློ་དང་མཆིན་པའི་སྟེང་འོག་ནས།  གནོན་དཀའ་བའི་དགའ་སྐྱོ་ཟུང་འཇུག་གི་ཚ་རླབས་དྲག་ཏུ་འཕྱུར་བ་དང་ལྷན་ཅིག་ཁྱོད་ཀྱི་སྐུ་ཡོན་དང་བྱས་རྗེས་ཀྱི་རྣམ་པ་འདི་ལྟར་མཐོང་བྱུང་།

      གངས་ཆབ་སྔོན་མོ།  དངོས་གནས་ཁྱོད་ནི།  ང་དང་ཁྱོད་ཀྱི་ཕ་ས་སྟེ།  ཁ་བ་རི་པའི་འཇིག་རྟེན་གྱི་གཟི་བརྗིད་ལགས་ཤིང་།  གོ་ལ་ཟླུམ་པོ་འདིའི་ཕ་མའང་ཡིན།  གངས་འདབས་ནས་རྒྱ་མཚོའི་བར་ཁྱོད་ཀྱི་ཟམ་མ་ཆད་པའི་བཞུར་རྒྱུན།  མི་ཡུལ་ནས་ཀླུ་ཡུལ་ལ་ཁྱོད་ཀྱི་ཞབས་ཕྱི་དྲོན་མོའི་ལྷག་བསམ།  ཉིན་མཚན་དུས་དྲུག་ཏུ་གཞན་ཕན་གྱི་སླད་དུ་རྒྱུ་ཞིང་།  སྣོད་བཅུད་ཀྱི་གསོས་སུ་བཞུར།  གཞན་དོན་གྱི་ཕྱིར་དུ་ཕྱི་བཤོལ་དང་ལེ་ལོ་བྲལ།  ངེས་དོན་ཁྱོད་ཀྱི་བཞུར་རྒྱུན་ལ་གཞན་དོན་ཁུར་དུ་འཁྱེར་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་།  རེ་འདུན་འདོད་དགུ་སྦྱིན་པའི་ཡིད་བཞིན་གྱི་བང་མཛོད་མཆིས་པ་མ་ཡིན་ནམ།

      ཁྱོད་ཀྱིས་མ་ཁྱབ་པའི་ཡུལ་དང་ཁྱོད་ལ་མ་བརྟེན་པའི་གནས་ཡོད་དམ་ཞེས་བདག་གིས་འདྲི་སྟེ།  ས་ཡི་དཔལ་དང་ཆུ་ཡི་སྟོབས་ཀྱང་ཁྱོད་ཀྱི་ཆུ་ཀླུང་སྔོན་མོའི་བཞུར་རྒྱུན་གྱིས་སྤེལ་ཅིང་།ཀླུ་ཡི་ཡུལ་དང་མི་ཡི་ཁམས་ཀྱང་།  ཁྱོད་ཀྱི་བདུད་རྩི་སྔོན་མོའི་བཅུད་ཀྱིས་འཚོ།  ཀླུ་དང་མི་ཡི་འཇིག་རྟེན་འདིར་ཅི་འདྲའི་མཛེས་སྡུག་དང་གཟི་དཔལ།  ཅི་འདྲའི་མཛད་མཐའ་བྲལ་པའི་མངའ་ཐང་ཞིག་བསྣན་ཡོད་དམ།  ཁྱོད་ཀྱི་སྐུ་ཡོན་དང་བྱས་རྗེས་འདི་བསམ་གཞིག་གི་ཡུལ་དུ་གྱུར་ཚེ་ཧ་ལས་ཤིང་ཡིད་མི་འཆོར་བ་སུ་ཞིག་མཆིས།  ཁྱོད་དང་བྲལ་ན་རྒྱ་ཆེ་བའི་འཇིག་རྟེན་འདི་བླ་སྲོག་བྲལ་པའི་བེམ་པོ་བཞིན་དུ་འགྲོ་ཞིང་།  རྟེན་དང་བརྟེན་པའི་བཀོད་པ་མཐའ་དག་སྡོད་མི་ཚུགས་པས།  འཕེལ་རྒྱས་ཀྱི་སྟངས་སྟབས་དང་།  སྔོན་ཐོན་གྱི་འཕར་རྩ་དེ་བས་ཀྱང་ལྡིང་ག་ལ་སྲིད།

     ལྟོས་དང་།  གངས་དཀར་གྱི་ལྷུན་པོ་བྱེ་བ་ཕྲག་བརྒྱས་ང་དང་ཁྱོད་ཀྱི་ཕ་ས་ལ་མུ་ཁྱུད་བཞིན་དུ་བསྐོར་ཡོད་པ་ནི་ཁྱོད་ཉིད་གང་ལས་འབྱུང་སའི་ཕ་མ་ཡིན་ལ།  གཏིང་ཚད་ཕ་མཐའ་བྲལ་པའི་ཞི་བདེ་རྒྱ་མཚོ་ནི་ཁྱོད་ཀྱི་བསྐལ་པ་སྟོང་ཕྲག་གི་བཞུར་རྒྱུན་ལགས།  རྣམ་གྲངས་ལ་ཚད་མེད་ཅིང་བཞུར་རྒྱུན་ལ་མཛད་མཐའ་བྲལ་ཏེ།  འདི་སྐད་ཁྱོད་ཀྱི་རང་བྱུང་གི་ལོ་རྒྱུས་ལས།  རྟ་མཆོག་ཁ་འབབ་གངས་ཆབ་ལོ་ཧི་ཏ།  ཆུ་ཕྲན་སྟོང་ཕྲག་གི་སྐྱེལ་མ་ལྡན་ལ།  དངུལ་གྱི་བྱེ་མ་འདྲེན་བཞིན་ཤར་གྱི་རྒྱ་མཚོར་འབབ།  དེ་བཞིན་ལྷོ་ཕྱོགས་རྒྱ་མཚོར་གླང་ཆེན་ཁ་འབབ་ཀྱི་ཆུ་བོ་གངྒྰ།  ནུབ་ཀྱི་རྒྱ་མཚོར་རྨ་བྱ་ཁ་འབབ་ཀྱི་ཆུ་བོ་སིན་དྷི།  བྱང་གི་རྒྱ་མཚོར་སེངྒེ་ཁ་འབབ་ཀྱི་ཆུ་བོ་པཀྵུ།  ད་དུང་རྨ་འབྲི་རྫ་གསུམ་གྱི་གངས་ཆབ།  ཆུ་མགོ་མི་གཅིག་བརྒྱ་དང་བརྒྱད།  ཆུ་རྒྱུན་མི་གཅིག་བྱེ་བ་སྟོང་།  རོ་ནུས་མི་མཉམ་ཁྲི་མ་འབུམ།  དེ་དག་ཐམས་ཅད་ཁྱོད་ཀྱི་གཞན་དོན་སྒྲུབ་པའི་ཡན་ལག་དང་ཀུན་ལ་གྲགས་པའི་བྱེ་བྲག་ཡིན་ནོ། །

    གངས་ཆབ་སྔོན་མོ།  ཁྱོད་ཀྱི་བསུབ་ཏུ་མེད་པའི་བྱས་རྗེས་དང་གཟོ་བར་དཀའ་བའི་སྐུ་དྲིན་རྣམས།  ས་སྒང་ཟླུམ་པོ་འདིར་ཤེས་མཁན་ག་ཚོད་ཅིག་ཡོད་དམ།  བརྟན་དང་གཡོ་བའི་བཀོད་པ་འདི་ཁྱོད་ཀྱིས་བསྐྲུན་པའི་འཇིག་རྟེན་ཞེས་བརྗོད་པ་ནི།  ངེས་དོན་གྱི་གཏམ་སྟེ།  ཡོད་ཚད་ཁྱོད་ཀྱི་ཟུངས་བཅུད་ལས་རྒྱས་ཤིང་ཐམས་ཅད་ཁྱོད་ཀྱི་བཞུར་རྒྱུན་སྔོན་མོའི་སྦྱོར་བ་ལས་གྲུབ།  དཔེར་ན།  གསེར་དངུལ་གྱི་རང་མདངས།  མེ་ཏོག་གི་མཛེས་ཁྱད།  གློག་སྒྲོན་གྱི་འོད་སྣང་།  ཁང་རྩེག་གི་གཟི་བྱིན།  མཚར་སྡུག་གི་གཟིགས་མོ་ཅི་ཡོད་རྣམས་ཁྱོད་ཀྱིས་བསྒོས་པའི་བཀྲག་མདངས་ཡིན་ལ།  སྐྱིད་ལྷང་ལྷང་གི་ཡུལ་ལྗོངས།  སྣུམ་ཏིག་ཏིག་གི་སྤང་གཞུང་སྔོན་མོ།  སྔོ་ལྡེམ་ལྡེམ་གྱི་ནགས་ཚལ་རི་ལུང་།  གྲོང་ཁྱེར་གྱི་བཀོད་པ་དང་མི་ཚོགས་ཀྱི་འཕྲོ་འདུ་རྣམས་ཀྱང་ཁྱོད་ཀྱིས་བཀོད་པའི་གཟི་བརྗིད་ཀྱི་སྣང་བརྙན་ཡིན།  ད་དུང་བར་སྣང་ཆུ་འཛིན་གྱི་འདུ་འགོད་དང་།  ས་གཞིའི་སྔོ་ལྗང་གི་སྐྱེ་སྟོབས།  མར་དང་འོ་ཞོའི་མངར་ཁ།  འབྲུ་རིགས་སྣ་ལྔའི་ཉིང་བཅུད་སོགས་ཀྱང་ཁྱོད་ཀྱི་ཟུངས་བཅུད་སྨར་མོའི་ཉིང་ཁུ་ལས་མ་འདས་ཤིང་།  ཕྱུགས་ཀྱི་འཕེལ་ཁ་དང་ཚན་རིག་གི་ཐོན་རྫས།  དངོས་འབྱོར་གྱི་དཔལ་ཡོན་རྣམས་ཀྱང་ཁྱོད་ཀྱི་བུ་རུ་སྐྱེ་བ་ཁོ་ནོའོ། །

     ཡང་ན་སྣོད་བཅུད་འཇིག་རྟེན་འདི་རེ་སའི་མ་མ།  འཕེལ་རྒྱས་ཀྱི་རྩ་ལག་གཅིག་པུ་ནི་ཁྱོད་ལས་གཞན་སུ་ཞིག་ཡོད་དམ་ཞེས་བདག་གིས་ཡིད་མི་ཆེས་པའི་སྤོབས་པ་དང་བློ་ཁེངས་པའི་ང་རྒྱལ་གྱིས་འདྲིའོ། །

      གངས་ཆབ་སྔོན་མོ་ལགས།  ད་དུང་ཁྱོད་ཀྱི་ལྷུང་ལྷུང་འབབ་པའི་བཞུར་རྒྱུན་ལས།  ང་ཚོར་འདི་ལྟར་གནང་ཡོད།  བདུད་རྩི་ལྟ་བུའི་གཞན་ཕན་གྱི་བཞུར་རྒྱུན་དང་དྭངས་གཙང་གི་ཕུང་པོ་ཡིས།  སྒང་པ་བོད་ཀྱི་ཤེས་རིག་གི་བང་མཛོད་དང་ཡ་རབས་ཀྱི་གཤིས་ཀ་ངོམ་ཞིང་།  འཇགས་མེད་ཀྱི་འབབ་སྒྲ་དང་།  ཆལ་ཆིལ་མཁའ་ལ་འཕྱོ་བའི་རླབས་ཕྲེང་གི་རྩེ་དགའ་ལས།  ང་ཚོར་རྟིང་སྐུལ་གྱི་ཅོང་བརྡ།  དཔའ་ངར་གྱི་སྙིང་སྟོབས་དང་སྤོབས་པ་བསླངས་ཡོད།  ཀྱག་ཀྱོག་གི་མདུན་ལམ་ལ་སྐྱི་མི་གཡའ་ཞིང་།  སྔོན་འགོག་གི་རི་བྲག་བྱེ་བ་འབུམ་སྡེས་མ་ཁོགས་པར་རང་དབང་གིས་བཞུར།  ཐེ་ཚོམ་དང་ཕྱི་བཤོལ་མེད་པར་རྒྱ་མཚོ་དག་གི་ཕྱོགས་སུ་བསྙེགས་པས།  བདག་དང་བདག་གི་མི་རིགས་འདི།  མདུན་སྐྱོད་ཀྱི་བཀག་རྒྱའི་གཡུལ་ངོར་འཇིགས་མི་རིགས་ལ།  རྣམ་གཡེང་རྨོངས་དད་དང་།  བག་འཁུམས་སྒྱིད་ལུག    ཡིག་རྨོངས་རྫུན་སྐོར་གྱི་རྒྱ་ལས་ཐར།  གསར་རྐྱང་རྙིང་རྐྱང་གི་ཕྱོགས་ཞེན་མཁྲེགས་འཛིན་སོགས་ལྟ་ངན་རི་བོའི་དཔུང་ཚོགས་ཐལ་བའི་རྡུལ་དུ་བཀོད་དེ།  ཤེས་རིག་གསར་རྙིང་གི་ཉིང་བཅུད་ཟུང་འབྲེལ་དུ་སྤེལ་པའི་དབུ་མའི་ལམ་བཟང་ལ་བརྟེན།  སེམས་དང་དངོས་པོའི་འཕེལ་ཁ་དབྱར་མཚོ་ལྟར་རྒྱས་པའི་སྔོན་ཐོན་གྱི་ཞིང་ཁམས་དུ་བཞེངས་ནས།  དཔའ་བོའི་སྟངས་སྟབས་ཀྱི་བླང་བྱ་ཞིག་ཆེད་དུ་བཏོན་ཡོད་པ་མ་ཡིན་ནམ།

        རེད་ཡ།  གངས་ཆབ་སྔོན་མོ་ལགས།  ད་གཟོད་ཁྱོད་ཀྱི་ཕྱི་ན་འཕྱོ་བའི་རླབས་ཕྲེང་གི་རོལ་རྩེད།  ཁོང་ན་རྩེད་པ་བདུད་རྩིའི་མངར་ཁ་འདི་དག་ཐམས་ཅད།  འཇིག་རྟེན་གྱི་ཆེད་དུ་རྒྱུ་ཞིང་།  འཛམ་གླིང་གི་གསོས་སུ་འབབ་པ་བདག་གིས་ཡོངས་སུ་ཤེས།  གཞན་གཅེས་ཀྱི་སྟངས་སྟབས་དང་།  ལྷག་བསམ་གྱི་བཞུར་སྒྲ་རྣམས་ཀྱང་ང་ཚོའི་སྙིང་ལ་གསོ་བྱའི་གཙུག་ལག་གི་ཉིང་ཁུ་དང་།  མ་འོངས་བཤུལ་ལམ་གསལ་བའི་ལམ་སྟོན་གྱི་སྒྲོན་མེར་གྲུབ།

       མདོར་ན།  ཁྱོད་ཀྱི་འཛད་མཐའ་བྲལ་པའི་སྐུ་ཡོན་གྱི་ཁྱབ་རྒྱ།  བསུབ་ཏུ་མེད་པའི་མཛད་རྗེས་ཀྱི་སྣང་བརྙན་ཏེ།  སེམས་ཡོད་སེམས་མེད་ཀྱི་འཇིག་རྟེན་རིལ་བོ་འདིར་གཟིགས་དང་།  ཁྱོད་ཀྱིས་བྱས་པའི་གྲུབ་འབྲས་ལ་མཐའ་ཡོད་དམ།  ཐམས་ཅད་ཁྱོད་ཀྱི་བྱེད་པ་ལས་འཁྲུངས་པས།  འཇིག་རྟེན་བྱེད་པོ་ཞེས་པའི་ཐ་སྙད་དེ།  ལྷ་ཆེན་ཚངས་པར་ཇི་ལྟར་དབང་།  དངོས་གནས་འཇིག་རྟེན་སྣོད་བཅུད་ཀྱི་སྐྱབས་མགོན་ཟེར་བ་དེ་ཁྱོད་ལས་གཞན་སུ་ཞིག་ཡིན་ནམ།  ངོ་མ་འཇིག་རྟེན་གྱི་སྐྱབས་མགོན་ཏེ།  གངས་ཆབ་སྔོན་མོ།

དེའི་ཕྱིར་བཅུད་ཀྱི་སེམས་ཅན་འདི་དག་ཡུན་རིང་འཚོ་འདོད་ཅིང་།  སྣོད་ཀྱི་བཀོད་པ་འདི་དག་བསྐལ་པར་གནས་དགོས་ན།  ང་ཚོས་ཁྱོད་ཀྱི་རང་བྱུང་གི་མགོ་ཁུངས།  ཁོར་ཡུག་གི་ཡན་ལག་ཐམས་ཅད་ལ་སྲུང་སྐྱོབ་ཀྱི་ལྕགས་རི་བསྐོར་ཞིང་།  སྙིགས་ལུད་དང་འབག་བཙོག་བསལ་ནས་བྱི་དོར་བྱེད་དགོས།  ཟུངས་བཅུད་སྔོན་པོ་རྒྱུ་བའི་ཕ་གཞིས་དང་ཁོར་ཡུག་རེ་རེ་བཞིན་གྲ་མ་ཉམས་གྲུ་མི་ཆག་པའི་སླད་དུ་སོ་སྲུང་གི་བྱ་ར་བྱེད་པ་ང་ཚོར་གདོས་སུ་ལྕི་བའི་གསེར་དངུལ་གྱི་ལས་འགན་ནོ། །

    དེ་ནི་བདེ་སྐྱིད་དང་འཕེལ་རྒྱས་ཀྱི་གཞི་རྩ་ལགས་ཤིང་།  སྔོན་ཐོན་གྱི་བསམ་བློ་དང་ཤེས་རིག་གི་ཉིང་བཅུད་དུ་མ་ཟད།  རང་བྱུང་ཁམས་ལ་འབྲལ་ཐབས་མེད་པའི་རྩ་ལག་ཏུའང་འཁུམས་སོ།  །གསན་ཨེ་བྱུང་།  ངེས་དོན་འཇིག་རྟེན་གྱི་སྐྱབས་མགོན་ཏེ།  གངས་ཆབ་སྔོན་མོ་ལགས་ཞེས་བདག་གིས་མགྲིན་པ་གཟེངས་སུ་བཏེགས་ནས་ཞུའོ། །


  • ལེ་ཚན་སྔོན་མ།:བརྩི་འཇོག བརྩི་འཇོག
  • ལེ་ཚན་རྗེས་མ།:རིའི་ཕ་རོལ་ཏུ་ཤོར་པའི་སེམས་པ།