རྭ་ཅོ་ནག་པོ། 2010-08-25
རྫ་སུལ་ནས་བླངས་མྱོང་བའི་ཁྱོད་ཀྱི་ལ་གཞས་སྙན་མོ། སུ་ཞིག་གི་སེམས་པའི་བྲག་ཅར་ཡང་ཡང་འཁོར། ལུག་ཁྱུ་དང་འགྲོགས་པའི་ཁྱོད་ཀྱི་སྣང་བརྙན། ག་ལེར་ག་ལེར་བདག་གི་མིག་ལམ་དུ་བཞུར་ཡོང་། ལུག་རྫི་བུ་མོ། འུར་རྡོ་ལ་བརྒྱུས་པའི་ན་ཆུང་གི་ལང་ཚོ། ལུག་དང་སྤང་ཐང་ལ་བསྙེས་ནས། མི་ལོ་དུ་མ་ཞིག་གི་འཚོ་གནས་ལ་དབུ་ཁྱུད་བྲིས། མེ་ཏོག་དང་ཆུ་ཕྲན། སྤྲིན་དཀར་དང་མཚམས་སྤྲིན་ལ་འདྲིས་པའི་ཁྱོད་ཀྱི་སྣང་བ། ཨ་སྔོན་གྱི་བང་རིམ་ན་རྩེན་པའི་ལྷད་མེད་དྭངས་གཙང་གི་ཆུ་འཛིན་དེ་ཡིན་ནམ། དེ་རིང་། དབྱར་ཟླ་དྲུག་པའི་དུས་བཟང་གི་དེ་རིང་། ཐང་དཀར་གི་གཤོག་སྣེ་ལ་མ་ཐོགས་པའི་ཁྱོད་ཀྱི་གླུ་གཞས་སྙན་མོ། ཨ་སྔོན་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས། སུ་ཞིག་གི་སེམས་པའི་ནམ་མཁའ་ན་ཡང་ཡང་འཕྱོ། ཕ་མེས་ཀྱི་གནའ་གཏམ་སྒུམ་མྱོང་བའི་ཁྱོད་ཀྱི་ཁོག་རྒྱ། དཀྱེལ་ཆེ་བའི་རྩྭ་ཐང་གི་གཞི་རུ་ལུག་ཁྱུ་ལྟར་བཀྲམས་ནས། སུ་ཞིག་ལ་རེ་སྒུག་གི་འདུན་མ་གཏད་ཡོད། ལུག་རྫི་བུ་མོ། ཟོར་ཡང་གི་གོམ་ཆུང་སྤོ་བཞིན། སྤྲོ་སྣང་གི་གླུ་གཞས་ལེན་གྱིན། རྩྭ་ཐང་གི་གཞི་ནས་མེ་ཏོག་འཐུ་གིན། རྨི་ལམ་མོད་པའི་བདག་གི་སྔས་འགྲམ་དུ་ཡོང་གིན་ཡོད་དམ། ལུག་རྫི་བུ་མོ། རྩྭ་ཐང་ནི་ཁྱོད་ལ་སྤྲད་པའི་ལང་ཚོ་ཡི་གར་སྟེགས་ཡིན་ན། མེ་ཏོག་ནི་ཁྱོད་ལ་ཕུལ་བའི་མཛེས་སྡུག་གི་རྒྱན་ཆ་ཡིན་ན། ཕྱེ་ལེབ་དེ་སུ་ཞིག་གི་མགྲོན་དུ་ཕེབས་པའི་སེམས་ཁོང་གི་ཕོ་ཉ་གཞན་ཞིག་རེད་ཨང་། དབྱར་གཞུང་འདི། སེམས་འགྱུ་མོད་པའི་དབྱར་གཞུང་འདི། ཁྱོད་ཀྱི་ལུག་ཁྱུ་དང་འགྲོགས་ནས་འཕུར་བ་སུ་ཞིག་གི་རྣམ་ཤེས་ཡིན། ཁྱོད་ཀྱི་བར་སྣང་ན་འཕུར་བ་སུ་ཞིག་གི་མྱོང་འཆར་ཡིན། ལྷད་མེད་པའི་ཁྱོད་ཀྱི་དུང་བ། སུ་ཞིག་གི་མིག་ཆུས་འཚོས་པའི་བརྩེ་དུང་གི་ཡང་སྙིང་རེད་ཨང་། ལུག་རྫི་བུ་མོ། ཐོ་རེངས་དང་ལྷན་དུ། སྨུག་སྤྲིན་དང་མཉམ་དུ། ཁྱོད་ཀྱི་རྨི་ལམ་ནང་འཁོར་བའི་ལུག་ཁྱུ་དེའི་འབའ་སྒྲ་དེད་ནས། ཆེས་རྒྱང་རིང་གི་རི་འདབས་ཤིག་ཏུ་ཆས་ཐེངས་རེ་རེ། ཁྱོད་ཀྱི་རྒྱབ་ཏུ་བསྐྱུར་བའི་སྦྲ་ནག་དེ། ཁྱོད་ལ་མིག་གིས་འཚོ་བའི་ཨ་མ་དེ། ཁྱོད་ཁོ་ནའི་རྒྱབ་གཟུགས་ལ་སྐྱེལ་མ་བྱེད་མཁན་དེ་ཡིན་ནམ། ལུག་རྫི་བུ་མོ། ཆུ་འགྲམ་གང་ཞིག་ནས་བསླས་མྱོང་བའི་མེ་ཏོག་གི་ཞྭ་མོ་དེ། ཁ་ཆར་གྱི་འཇབ་རྒོལ་འོག་རྙིང་སོང་དུ་འགྱུར་ནའང་། ཁྱོད་ཀྱི་ལང་ཚོ་ཤོར་མེད། ཁྱོད་ཀྱི་འཛུམ་མདངས་ཡལ་མེད། ལུག་རྫི་བུ་མོ། སྤྲོ་སྣང་གིས་བླངས་མྱོང་བའི་གླུ་གཞས་གཞན་ཞིག ལུག་ཁྱུ་ཡི་འབའ་སྐད་གཤགས་ནས། རྩྭ་ཐང་གི་ལྷིང་འཇགས་དཀྲོགས་ནས། སྨུག་སྤྲིན་ལང་ལོང་གི་རི་འདབས་ནས་མཆེད་དུས། ཁྱོད་ནི་རྩྭ་ཐང་ལ་འོད་སྣང་འདྲེན་པའི་ཕོ་ཉ་མིན་ནམ། ཁྱོད་ནི་འཚོ་བ་ལ་བདེ་སྐྱིད་བསུ་བའི་མ་མ་མིན་ནམ། བདག་གི་ལུག་རྫི་བུ་མོ། ། |
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10