ཤོག་བྱ།

ཁ་བ་ན་རོ།        2021-01-06

     ངས་ཉིན་མོ་རེ་རེར་ཞོགས་པའི་གསེར་མདོག་གི་ཉི་གཞོན་དང་བསྡོངས་ནས། ཤོག་བྱ་རེ་རེ་འབྱམས་སུ་ཀླས་པའི་སྔོ་དྭངས་དྭངས་ཀྱི་ནམ་མཁའི་དབྱིངས་ལ་བསྐུར་བ་ཡིན།

     ངས་ཨ་མའི་མིང་དང་སྙིང་ཉེ་བའི་བུད་མེད་ཀྱི་མིང་ཡིག་ཤོག་བྱའི་ངོས་སུ་གསལ་བོར་བྲིས་ཡོད། ངའི་རེ་བ་ནི་ཤོག་བྱ་འདི་དག་རྒྱང་རིང་རྒྱང་རིང་ཞིག་ལ་འཕུར་ནས་མི་མང་བོ་ཞིག་གི་ལག་ཏུ་འབྱོར་རྒྱུ་དང་ང་ནི་བརྩེ་དུང་གིས་ཕྱུག་པའི་མི་ཞིག་ཡིན་པ་གསལ་བོར་ཤེས་སུ་འཇུག་རྒྱུ་དེ་ཡིན།

     ངས་རང་སེམས་ཀྱི་རྩྭ་ཐང་ན་བཞད་ཡོད་པའི་མེ་ཏོག་ཚོམ་བུ་ཚོམ་བུ་དག་ཤོག་བྱའི་སྟེང་བཙུགས་ནས་མཁའ་དབྱིངས་ལ་བསྐུར། ཅི་ཞིག་ཐོབ་འདོད་ཀྱི་མིག་ཟུང་ཀྱང་ཤོག་བྱར་བསྙེགས། འཁྲེང་ཞེན་གྱི་མིག་ཟུང་རེ་རེ། སེམས་ཀྱི་བུམ་པ་རུ་བདུད་རྩི་བཞིན་བྱོ་བ་དང་མིག་གི་བར་སྣང་ལ་འཇའ་ཚོན་ལྟར་བསྟབས་དགོས།

      མགོ་བོ་དགྱེས་ནས་ནམ་མཁར་ལྟ་དུས། སྤྲིན་དཀར་ཕུང་བོ་ཕུང་བོ་དེ་དག་སེམས་འགུལ་ཐེབས་བཞིན་ཡིད་དངངས་ཏེ་མིག་ཆུ་འཁྲུག་བཞིན་འདུག ཁྱོད་ཚོའི་མིག་ཆུ་དང་ངའི་དྲན་གདུང་། བརྩེ་དུང་གི་རུས་རྐང་ལ་ཟུག་པའི་ཤོག་བྱ་དག་གཅིག་རེ་གཅིག་རེ་ངང་བར་སྣང་ལ་བསྐུར། བར་སྐབས་འདིར། ངའི་སྣང་བ་ཞིག་ལ་ཁོང་གཉིས་ཀྱང་སེམས་དངངས་ཏེ་མིག་ཆུ་ཆར་བ་དང་མཉམ་དུ་འབབ་བཞིན་པ་དང་འདྲ་ལེ། ཤག་ཤག་ཤག ཤག་ཤག་ཤག ཅི་འདྲའི་ཆར་བ་ཚ་བོ་ཆར་བ་འཁྱག་པོ།

    ཆར་རྗེས་ཀྱི་ཕྱི་དྲོ་འདིར། ནེམ་ལོའི་སྟེང་གི་ཟིལ་བ་ཁྲོམ་ཁྲོམ་དག་འོད་ལམ་ལམ་བྱེད་བཞིན་གདའ། སུ་དང་གང་ཞིག་ལ་ཟུར་མིག་འཕེན་པ་ལྟར་ངའི་བྲང་ལ་བཏབ། འཇའ་ཚོན་གྱིས་ཀྱང་ངའི་ཤོག་བྱ་ལ་སྒོ་ཕྱེ་ཡོད་པ་ལྟར་ཁྲ་ལམ་མེར་གུར་ཆུང་ཞིག་ཕུབས་འདུག ངས་ཀྱང་ལག་ཏུ་ཐོགས་པའི་ཤོག་བྱ་དེ་འཇའ་ཚོན་གྱི་ཕྱོགས་སུ་ཚམ་ཚོམ་མེད་པར་ག་ལེ་ག་ལེར་བསྐྱོད། འཇའ་ཚོན་དེ་ནི་ཁོང་གཉིས་ཀྱི་སེམས་པའི་སྒོ་མོ་དང་འདྲ་བར་ཤོག་བྱའང་དལ་བ་དལ་བུར་ནང་དུ་འཛུལ།

    མཚན་མོ་བསླེབས་བྱུང་། ཤོག་བྱ་དག་སྒེའུ་ཁུང་ཕྱི་རོལ་དང་ཕྲ་ཚོམ་ཚོམ་གྱི་སྐར་མདའ་དང་མཉམ་དུ་འཕུར་བཞིན་ཡོད། ད་དུང་ངའི་རྨི་ལམ་གྱི་ཁྲོད་ནའང་འཕུར་བཞིན་པ་མཐོང་། ཤོག་བྱའི་ནང་དུ་ཨ་མ་དང་སྙིང་ཉེ་བའི་བུད་མེད་གཉིས་གཉིད་དུ་ཡུར་འདུག རྨི་ལམ་ཀྱང་རྨི་བཞིན་པ་འདྲ།

  • ལེ་ཚན་སྔོན་མ།:ཝེ། ཁྱོད་ཀྱིས་བརྩེ་དུང་གི་ཡང་སྙིང་ག་རེ་ཞིག་ལ་སྐད་དམ།
  • ལེ་ཚན་རྗེས་མ།:སྟོན་མཇུག