སྟོན་མཇུག

རོལ་སྐུད།        2021-01-08

      ཕ་ཡུལ་དང་བསྡུར་ན། གནས་འདིའི་ནམ་ཟླ་ཧ་ཅང་འཁྱག་ལ། ལོ་རེ་རེ་བཞིན་སྟོན་མཇུག་ཏུ་སླེབ་ཚེ་སྡོང་མགོའི་སེར་ལོ་དེ་འཁྱག་སོབ་སོབ་ཀྱི་དྲན་སྣར་ཁུར་ཏེ་བར་སྣང་ནས་ལྷུང་ཡོང་ངེས། ད་ལོ་ཡང་སྔར་དང་འདྲ་བར་གཅིག་རྗེས་གཉིས་མཐུད་ཀྱི་བསིལ་རླུང་དང་བསྡེབས་ཏེ་ལྷུང་གིན་འདུག་ལ། ཉི་མ་ནུབ་ཁར་ལམ་ཕྱགས་པས་རྐ་ཆུའི་ཆུ་ལ་བསྐུར་ཏེ་ཕྱོགས་ཕྱོགས་སུ་ཁུར་འགྲོ་ངེས། འདས་དོན་གྱི་མེ་ལོང་དུ་ཆོས་ཉིད་འགྱུར་བ་ཉིན་ལྟར་འཆར་གྱིན་ཡོད་ཅིང་། དུས་བཞིའི་འགྱུར་ལྡོག་གི་བགྲོད་མཚམས་སྐད་ཅིག་ཀྱང་མི་དལ་བར་སྐྱོད་ཀྱིན་ཡོད། མཐོ་སྒང་གི་གནས་ཁྱིམ་གློ་བུར་གློ་བུར་དུ་གྲང་འཁྱག་གིས་ཡོངས་སུ་གཅུན་པར་བྱེད་ཅིང་། རེས་འདིར་ང་ལ་ཡང་མི་ཚོགས་ཁྲོད་ཀྱི་འཆམ་རིམས་ཤིག་གིས་ལག་འཇུ་བྱེད་ཀྱིན་འདུག

     གོམ་མཚམས་མི་འཇོག་པའི་རང་བྱུང་གི་འགྱུར་བ་ནི་ཇི་འདྲའི་མགྱོགས་ཚོད་རེད་ལ། དེ་ལས་ཀྱང་སྙིང་ཉེ་ས་དང་དྲན་པ་མཐུག་སའི་རྒྱང་རིང་ན་ཆུང་དེ་གཏན་དུ་ཡིད་ངོར་ཧ་ཅང་གསལ། མཚན་ལམ་རིང་མོ་རེ་རེར་སྐྱོ་ཉམས་ཀྱི་ཁེངས་པའི་གཞས་གདངས་དེས་ང་རང་གཟབ་ནན་དང་ཕྱིར་འདང་གཏོང་མཁན་ཞིག་ཏུ་བསྒྱུར་ཞིང་། སྒོ་དང་སྒེའུ་ཁུང་གི་བསིལ་རླུང་འདི་ཁྱེད་ཀྱིས་བསྐུར་བའི་དྲན་སྣང་གི་ན་བུན་ཡིན་སྙམ་སྨྲེང་བ་མེད་པར་ཁ་ཁུ་སིམ་པོར་གྱུར། སྤྱི་ཚོགས་ཀྱི་འགྲན་རྩོད་དང་འགན་ཁུར་ལྕི་མོ་ཞིག་གིས་ནོན་ལ་མ་ནོན་པས། ངའི་དྲན་ཤེས་ཀྱི་ཡོལ་བ་བཀྱག་རྗེས་ཁྱོད་ཀྱི་འཛུམ་མདངས་ནི་ད་ལོའི་སྟོན་མཇུག་མཛེས་སྡུག་ལས་གཏན་དུ་ཐོད་བརྒལ་བྱས། ཏག་ཏག་འདི་ནི་སྙིང་གི་ཛ་དྲག་ཇེ་མྱུར་དུ་འགྲོ་བའི་ཁྱོད་ཀྱི་ནུས་པ་ཞིག་རེད།

     རྡོ་གཅལ་བསྒྲིགས་པའི་རྐང་ལམ་ཕྲ་མོ་དེད་ནས་བསམ་གཞིག་གི་མདུད་སྣེ་ཁྱེད་རང་ལ་བསྲིང་སྟེ་ངང་སྒུག་དང་བར་ཐག་གི་དུས་ཚོད་ཤིན་ཏུ་རིང་ནའང་། འགོག་དཀའ་བའི་སྟོན་རླུང་ཞིག་ལྡང་གིན་ཡོད་པ་གཞི་ནས་མ་ཚོར། བག་ཆགས་དང་རྣམ་ཤེས་ཀྱི་ཟུང་ཁྲག་ཏུ་ཐིམ་པའི་འཇིག་རྟེན་གྱི་སྣང་བ་འདི་ཁྱོད་ཁོ་ནས་བརྐུས་སོང་ལ། སྙིང་ལ་གཏིང་ཟབ་པའི་རྩོམ་རིག་གི་དོན་སྙིང་ཡང་ཁྱོད་ཀྱིས་ཁུར། ད་ལྟ་སྟོན་མཇུག་གི་རྩྭ་ཐང་ནི་སེར་ལམ་མེར་བཞད་པའི་ཉི་དགའ་མེ་ཏོག་ཅིག་དང་འདྲ་ཞིང་ཁྱོད་རང་སྟོན་ཁའི་ཁུ་འཕངས་ཇི་བཞིན་མཚམས་མཚམས་སུ་འཇིག་རྟེན་གྱི་གྲུ་སར་ཐེངས་རེར་འཁོར། སྐབས་སྐབས་སུ་སྟོན་མཇུག་འདིར་འདི་ལྟར་འཚོ་འདོད་ཀྱི་ཡི་ག་བྲལ་ཞིང་ལུས་སེམས་ཐག་ཉེ་བའི་ཁྱོད་ཀྱི་གམ་དུ་གཅར་ན་ཤིན་ཏུ་འདོད། གློ་སྙིང་གི་འཕར་སྒྲ་དང་བརྩེ་བའི་ཟུང་ཁྲག་གི་ཚ་དྲོད་ཁྱོད་ཀྱི་མྱོང་ན་བསམ། སྟོན་མཇུག་འདིར་ཁེར་རྐྱང་གི་སྙུག་རྩེར་དྲན་པའི་མིག་ཆུས་བརླན་གྱིན་ཕྱི་ནང་མེད་པའི་སྙིང་གཏམ་ཐོལ་གྱིས་ཤོར།

  • ལེ་ཚན་སྔོན་མ།:ཤོག་བྱ།
  • ལེ་ཚན་རྗེས་མ།:སེམས་པ་སེམས་ཀྱིས་འཚོ་བའི་མི།