གྲུབ་གཟུགས་ཁྲོད་ཀྱི་མི་ཚེ་ཞེས་པ་བཀླགས་པའི་འཆར་སྣང་།

དཀོན་མཆོག་བཀྲ་ཤིས།        2020-09-30

༡.རྩོམ་པ་པོ་དང་ཞལ་མཇལ་བ།

     རྩོམ་པ་པོ་ལྷ་བྱམས་རྒྱལ་ནི་དུས་རབས་གོང་མའི་མཇུག་ཏུ་ཕ་ཡུལ་ཁྲི་ཀ་རུ་སྐྱེས་ལ། ཁོང་གི་སྒྲུང་གཏམ་དང་འབོལ་རྩོམ་གང་ཡིན་ཡང་། ཀློག་པ་པོ་དག་གི་ཁྲོད་དུ་དགའ་བསུ་དང་གདེང་འཇོག་མི་དམན་པ་བྱེད་ཀྱི་ཡོད་ཅིང་། མི་ལོ་གང་མང་ཞིག་གི་གསར་རྩོམ་ཉམས་མྱོང་དང་རྩོམ་རིག་ལ་བཅངས་པའི་འདུན་མ་དང་སྤྲོ་སེམས་སོགས་ཕྱི་ནང་གི་རྐྱེན་དུ་མས་ད་སྔ་ཁོང་གི་བརྩམས་ཆོས་དག་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང་། སྔ་གཞུག་ཏུ《སྦྲང་ཆར》རྩོམ་རིག་བྱ་དགའ་ཐེངས་དུ་མར་ཐོབ་མྱོང་ལ། དེ་བས་ད་དུང་ལྷ་ལུང་རྒྣཡ་མཚོས“ལྷ་བྱམས་རྒྱལ་ནི་དེང་གི་དུས་སུ་ཀློག་པ་པོའི་ཁྲོད་དུ་ཆེས་དགའ་བསུ་ཐོབ་པའི་རྩོམ་པ་པོ་ཞིག་རེད། ཀློག་པ་པོ་དག་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ངང་ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་ཀློག་སྤྲོ་བ་ནི་ངས་བལྟས་ན་གཙོ་བོ་ཁོའི་བརྩམས་སྒྲུང་ལས་མངོན་པའི་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་ལྷུག་བརྗོད་ཀྱི་སྐད་ཆ་གཉིས་ཀྱི་རྐྱེན་གྱིས་མཉམ་འུར་བྱུང་བ་རེད་འདོད།”

    ༢.སྤྱི་ཚོགས་དངོས་ཀྱི་སྣང་ཚུལ་ལ་ཞུགས་ནས་བསམ་གཞིག་གི་རྙི་རུ་ཚུད་པ།

གཏན་ཚིགས་དང་ལྷུན་ཆགས། བྱམས་སེམས་དང་ཀུན་ཕན་གྱི་ལྷག་བསམ་མངའ་བའི་རང་གཤིས་ནས། ཅོལ་ཆུང་དང་ཆོ་མེད། བརྩེ་མེད་དང་རང་གཅེས་ཀྱི་ལས་སུ་འགྱུར་བཞིན་པའི་མི་གཞི། བདག་བས་གཞན་གཅེས་ཀྱི་ལྷག་བསམ་དང་བདག་གཞན་མཉམ་བརྗེ་ཡི་ཀུན་སློང་མངའ་བ་ནས་ང་སྐྱིད་ཁྱོད་སྡུག་གི་ཕྱོགས་སུ་སྟ་གོན་བྱས་པ། འདི་དག་ནི་དུས་རབས་ཀྱི་རྟ་ཕོས་ཚན་རིག་གི་བུ་ཆུང་རྙེད་ནས་མཚམས་འདིར་སླེབས་དུས། མི་ནི་མི་དང་མི་འདྲ་བར། སེམས་མེད་ཀྱི་འཕྲུལ་ཆས་དང་ལྷན་དུ་འཚོ་བ་རོལ་བ་ལས། མིའང་སེམས་མེད་ཀྱི་འཕྲུལ་ཆས་གང་ཞིག་དང་འདྲ་བར། འཁྲུག་རྩོད་དང་སྡུག་བསྔལ་སྐྱེལ་བྱེད་ཅིག་ཏུ་སྤྲུལ་གྱིན་འདུག དེ་ནི་གཙོ་བོ་མི་གཤིས་ཀྱི་རུས་རྐང་མ་བཟང་བས་ལན་ལ། ཡང་གཅིག་བཤད་ན་སེམས་གཏིང་དུ་སྙིང་རྗེའི་ཁ་རླངས་མ་འགོས་པས་ཀྱང་ཡིན་སྲིད།

ད་སྐབས་མིའི་རིགས་ཀྱི་ཚོགས་སྤྱི་འདིར་ཉིན་རེ་བཞིན་འཚོ་བའི་འགྲན་རྩོད་དང་དཔལ་འབྱོར་གྱི་གནོན་ཤུགས་ཀྱིས། མི་ཐམས་ཅད་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་ནས། ཕན་ཚུན་སུ་ལའང་བློ་གཏད་དང་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་འགྱུར་གྱིན་འདུག་ཅིང་། དེའང་མཐར་གཏུགས་ན་མི་སྒེར་སོ་སོའི་ཧམ་སེམས་ཆེ་དྲགས་སོང་བས་ཡིན་པས། དངོས་པོའི་དཔལ་ཡོན་དང་འཚོ་བའི་སྟོབས་འབྱོར་ལ་ཆོག་ཤེས་བསྟེན་ཤེས་ན། མི་གཤིས་འདིའང་དེ་འདྲའི་སྐྱུག་བྲོ་ཞིང་སྙིང་པོ་མེད་པ་ཞིག་ག་ནས་ཡིན་ཏེ་ཡིན་མི་སྲིད། དེའི་ཕྱིར་འཚོ་བ་དོན་ལྡན་དང་མི་གཤིས་ལེགས་པོ་ཞིག་བྱ་རྒྱུ་གལ་ཆེ་བར་མཐོང་ངོ་།།

     ༣.སྒྱུ་རྩལ་གྱི་ཁྱད་ཆོས།

     ཁོའི་རང་ཉིད་ཀྱི་མི་ཚེའི་བྱུང་བའམ་གནས་སའི་ཁོར་ཡུག་གི་གྲུ་ཟུར་ནས་རྩོམ་གཤིས་དང་སྒྱུ་རྩལ་གྱི་བློས་བསླངས་ལ་འགྱུར་བ་ཐེབས་ཤིང་མི་ཚོགས་དང་འུར་ཟིང་། བྲེལ་འཚུབ། དུས་ཚོད་ཀྱི་འཁོར་འགྲོས་ཀྱིས་ཡོད་ཚད་ར་སྤྲད་ལ། ཐོག་མའི་གཉུག་གཤིས་དེ་སྤྱི་ཚོགས་ཀྱིས་སླད་ཅིང་འཚོ་བའི་ཁ་དོག་ཀྱང་མངོན་ལྐོག་གི་ཁྲོད་ནས་འདས། གཞན་ཡང་དྲང་བོར་སྨྲ་བར་འདོད་པའི་གཏམ་ཡང་ཐད་ཀར་དུ་འཆད་མི་ཐུབ་ལ། འཛུམ་མདངས་ཀྱི་གདོང་རིས་འོག་ན་སྡིག་རྩུབ་དང་བསླུ་བྲིད་ཀྱི་རལ་གྲི་ཕྱར་ཡོད་ལ། འཚོ་བའི་སྐྱོ་གདུང་གི་ངོགས་ནས་མི་ཚེ་བསྐྱལ་དགོས་པ་དེ་གྲིབ་གཟུགས་ཀྱི་འདབ་མས་གཡོགས་ཤིང་རབ་རིབ། ལྡབ་ལྡིབ། ཟ་ཟི། གསལ་ལ་མི་གསལ་བའི་ངོགས་ནས་སྤྱིར་བཏང་བའི་ལུས་ཀྱི་འགུལ་སྟངས་དང་ལག་པའི་སྡེབ་རྩལ། ལས་ཁུངས་ཀྱི་འགོ་བ་དང་སྤྱིར་བཏང་གི་ལས་མི། དེ་མིན་བྱ་བའི་ཡང་ལྕི། བྱ་བར་བཟུང་བའི་འདུ་ཤེས་སོགས་ལས་སྒྲུང་གཏམ་ཧྲིལ་བོའི་ནང་གི་བཅུད་དང་བསྙེག་བྱའི་འདུན་མ། སེམས་ཀྱི་ཚོར་འདུ་བཅས་མངོན་པར་མཚོན་ལ། གཞན་སུ་དང་གང་ལའང་མི་མངའ་བའི་རྩོམ་པ་པོ་མི་བུ་སྒེར་ཚུགས་ཅན་གྱི་བསམ་བློ་མཚོན་ལ། སྒྲུང་གཏམ་གྱི་མི་སྣ་བཞེངས་སྐྲུན་དང་སེམས་འགྱུ་སོགས་ལས་ཁོ་དང་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཉིས་ནི་མཐའ་མར་དྲང་ཐིག་གཅིག་ཏུ་བབས།

༤.སྤྱི་ཚོགས་ལ་བཞག་པའི་དྲན་སྣང་།

     དུས་རབས་གོང་མའི་མེས་པོ་ཚོས་དཔྱད་ན་དེ་ནི་སྤྱི་ཚོགས་ཀྱི་སྐྱུག་གཡེར་བ་དང་མིས་མི་ཟ་བ། རང་ཚུགས་ཀྱི་བློ་གང་ཡང་མི་མངའ་བའི་གྲལ་མཐའ་བ། ཆོག་ཤེས་མེད་པ་དང་ལས་རྒྱུ་འབྲས་གང་ཡང་མི་བརྩི་བའི་དངོས་ཡོད་འཚོ་བའི་ཟུར་དང་ངོགས་ལ་ལེ་བདའ་དང་འཁང་ར་བྱས་ལ། ཡབ་མེས་ཀྱི་བླ་སྒུལ་མི་རུང་བའི་རང་བརྩིའི་བསམ་པར་ཕྱིར་རྟོག་བྱས།

    དུས་རབས་འདིའི་མི་བུ་ཚོས་གླེང་ན་ད་ནི་སྤྱི་ཚོགས་གསར་བའི་སྣེ་མོར་འཇུས་པ་ཡིན་ལ་རང་ཉིད་ཀྱི་འདོད་འདུན་དང་ཁེ་ཕན། འཚོ་བ་དང་ཁྱིམ་གྱི་དོན་དུ་ཐོག་མའི་གཉུག་གཤིས་དང་བབ་ཆགས་ཀྱི་སེམས་ཁམས་སོགས་གང་ཡང་མེད་ཀྱང་རུང་ལ། གཙོ་བོ་རང་ཉིད་ཀྱི་དམིགས་ཡུལ་དང་འཚོལ་སྙེག་གི་ལམ་ཁ་ཡངས་པོར་འབྱེད་དགོས་ཟེར།

    དེ་བས་ཀྱང་དྲན་སྣང་གི་བཟི་ཁ་རེ་རེ་ལས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་འཚོ་བའི་ཉིང་ཁུ་དྲན་ལ། བདེ་བ་དང་འདོད་པ། ཆོག་ཤེས་དང་ཧམ་སེམས། གཉུག་གཤིས་དང་བཅོས་འཛུམ། ཁྱོད་དགའ་ང་སྐྱིད། ཁྱོད་ཕམ་ང་རྒྱལ། འདི་དག་ཐ་སྙད་ཀྱི་གསེང་ལམ་རེ་རེ་ནས་མི་ཚེའི་ལྡིང་ཆར་གར་གྱི་ཡང་སྙིང་རྩེན། བདེ་སྡུག་གི་རི་མོ་གསལ།


  • ལེ་ཚན་སྔོན་མ།:གཏམ་རྒྱུད་ཀྱི་སྐར་མ་རབ་རིབ།
  • ལེ་ཚན་རྗེས་མ།:འདོད་ཆུང་ཆོག་ཤེས་ལས་བདེ་སྐྱིད་རྙེད།