འདོད་ཆུང་ཆོག་ཤེས་ལས་བདེ་སྐྱིད་རྙེད།

འབྲོག་སྨྱུག་གྲོལ།        2020-10-16

     ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་གསུངས་བ་ལྟར“གང་ཞིག་ཉུང་ངུའི་ཆོག་ཤེས་པ།།དེ་ཡི་ལོངས་སྤྱོད་ཟད་མི་ཤེས།།ཆོག་ཤེས་མེད་པར་འཚོལ་བ་ལ།།སྡུག་བསྔལ་ཆར་བཞིན་རྒྱུན་དུ་བབས།།”ཟེར་བ་བཞིན་འཇིག་རྟེན་གྱི་དགའ་དགའ་སྤྲོ་སྤྲོ་ཚང་མ་ཐོབ་འདོད་ན་ནི་ཁྱོད་ཉིད་ཀྱིས་སྡུག་བསྔལ་གྱི་ལམ་ལ་གོམ་པ་སྤོས་ཟིན་ཟེར་ན་མི་འགྲིག་རྒྱུ་མེད།

     སྤྱིར་གང་ཟག་དད་ལྡན་པ་ཐམས་ཅད་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ཏག་ཏག་རེད། ཡིན་ན་ཡང་བདེ་སྡུག་གཉིས་ཀྱི་རྒྱུ་དང་འབྲས་བུ་དངོས་འཛིན་བྱེད་ཐུབ་གྱིན་མེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་བ་ལྟར“འབྱུང་འགྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།།ངམ་ནག་བཞིན་གྱི་གཉེར་མ་མི་སངས་བ།།མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་ལ།།དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།”ཞེས་ཕྲག་དོག་དང་ཞེ་སྡང་།མཐར་གཏུགས་ན་ཉོན་མོངས་ཀྱི་དུག་དྲུག་གི་དྲ་རྒྱ་ལས་འཕུར་མ་ཐུབ་པའི་བྱེའུ་ཆུང་ཞིག་དང་འདྲ་བར་མུན་ནག་གི་ཁྲོད་ན་བསྡད་འདུག་པ་དེ་རེད།

     གལ་སྲིད་ཁྱོད་ཉིད་ཀྱིས་བདེ་བ་ལ་རོལ་འདོད་ཚེ། འཇིག་རྟེན་གྱི་ཆོས་ཉིད་གང་མང་ཞིག་རྟོགས་དགོས། མ་ཟད་ལག་ལེན་དང་སྤོབས་པ་ལྡན་དགོས། རང་ལ་འཐོབ་སྲིད་པ་ཞིག་ལ་འབད་འབུངས་བྱེད་པ་ལས་འཐོབ་མི་སྲིད་པ་ཞིག་ལ་སེམས་པ་ཡེ་ནས་འཁོར་མི་ཉན། དེ་བས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་གསུངས་བ་ལྟར“ཚེ་ནི་ཡུན་ཐུང་རིག་པའི་རྣམ་པ་མང་།།ཚེ་ཡི་ཚད་ཀྱང་ཅི་ཙམ་ཡིན་པ་མི་ཤེས་བས།།ངང་བས་ཆུ་ནང་ནས་ནི་འོ་མ་བཞིན།།གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ།།”ཞེས་པ་བཞིན་མི་བུ་རང་ཉིད་ལ་ནམ་ཡང་འགྱུར་བ་མེད་པའི་ཕུགས་འདུན་བརྟན་པོ་ཞིག་ཅིས་ཀྱང་མཁོ་གལ་ཆེ། དེ་མིན་འཐོབ་འདོད་ཀྱི་ཧམ་སེམས་ཆུང་དུ་བཏང་ནས་ཡིད་སེམས་དྭངས་གཙང་གིས་དལ་དལ་ལྷོད་ལྷོད་ངང་ལམ་ལ་ཆས་རྒྱུ་ནི་བདེ་སྐྱིད་ཀྱི་འབྲས་བུ་ཉག་ཅིག་ལས་མ་འདས་སོ། །


  • ལེ་ཚན་སྔོན་མ།:གྲུབ་གཟུགས་ཁྲོད་ཀྱི་མི་ཚེ་ཞེས་པ་བཀླགས་པའི་འཆར་སྣང་།
  • ལེ་ཚན་རྗེས་མ།:མི་ཆོས་འབྲེལ་འཛིན་རྩ་འགངས་ཆེ་འམ།