ལྷག་བསམ་གྱི་འོད་ཀོར། དགེ་རྒན།

སྒྲོལ་དཀར་ལྷ་མོ།        2017-09-28

    དགེ་རྒན་ལགས།  ཁྱེད་ནི་པྲ་སྒྲོན་རྐང་གཅིག་ལྟར། རང་ཉིད་ཀྱི་ལུས་ཕུང་མེ་རུ་སྤར་ནས།  འོད་ཟེར་གྱི་སྣང་བ་གཞན་ལ་འགྱེད་བཞིན་ཡོད།  ཁྱེད་ནི་བརྗིད་ཆགས་ཀྱི་གྲུ་གཟིངས་ཞིག་དང་མཚུངས་པར།  ང་ཚོ་ཤེས་རིག་གི་ཕ་མཐའ་རུ་སྐྱེལ་བཞིན་ཡོད།  ཁྱེད་ཀྱིས་ང་ཚོ་བླུན་རྨོངས་ནས་ཤེས་ལྡན་དུ་བསྒྱུར་ཅིང་།  ཁྱེད་ཀྱིས་ང་ཚོ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དུ་སུས་ཀྱང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་རླབས་ཆེན་བཏོན་ཡོད།

    དགེ་རྒན་ལགས། ཁྱེད་ནི་མི་རིགས་ཤིག་གི་ཤེས་རིག་དར་སྤེལ་གཏོང་མཁན་དེ་ཡིན་པས།  ང་ཚོར་མི་གཞི་བཟང་པོ་ཞིག་བྱེད་དགོས་པའི་གནས་ལུགས་ཁྲིད་པ་དང་།  གསར་དར་ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་རོགས་འདེགས་གནང་བས།  ཁྱེད་ནི་ང་ཚོའི་ཤེས་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན།  དེའི་ཕྱིར།  མི་རྣམས་ཀྱིས་ཁྱེད་ལ་ཡིད་ཤེས་ཀྱི་བཟོ་སྐྲུན་པ་ཞེས་འབོད་པའང་ངོ་མ་རེད།

    མི་ལ་ལས་དགེ་རྒན་ནི་ཁོམ་ལོང་ཅན་ཞིག་ཡིན་པས་གུང་གསེང་གི་དུས་ཡུན་ཧ་ཅང་རིང་པོ་གཉིས་ཡོད་ཟེར།  ཡང་མི་ལ་ལས་དགེ་རྒན་ནི་བག་ཕེབས་པ་ཞིག་ཡིན་པས་བརྙན་འཕྲིན་དང་ཚགས་པར་སོགས་ལ་གང་བྱུང་དུ་བལྟ་ཁོམ་ཡོད་ཟེར།  ངས་བལྟས་ན།  དགེ་རྒན་ཁྱེད་ནི་སྐུ་ངལ་ཆེས་ཆེ་བ་དེ་རེད།  ཞོགས་པ་ནས་ང་ཚོ་དང་མཉམ་དུ་སྔ་ཚོགས་འཚོགས་རྒྱུ་བརྗེད་མི་སྲིད་ལ།  མཚན་མོའང་གློག་སྒྲོན་གྱི་འོག་ཏུ་ཁྲིད་བྱ་རྣམས་ལ་གྲ་སྒྲིག་བྱེད་པ་མ་ཟད།  ཁྱེད་ཀྱིས་བྱ་བར་འཇུག་པའི་བློ་རྩེ་གཅིག་སྒྲིམ་གྱི་རྣམ་འགྱུར་དེའང་ནམ་ཡང་བརྗེད་མི་སྲིད།  མི་གཞན་དག་ལ་གཟའ་མཇུག་སྐབས་ཀྱི་ངལ་གསོའི་དུས་ཚོད་ཉིན་གཉིས་རེ་ཡོད་མོད།  དོན་དངོས་སུ་ཁྱེད་ལ་དལ་ལྷོད་ལྷོད་ཀྱི་ངལ་གསོའི་དུས་ཚོད་ཅིག་ག་ལ་ཡོད་མྱོངས།  འགའ་རེ་ཞིག་ལ་ལས་ཀའི་ལམ་ལུགས་ཀྱི་དུས་ཚོད་ངེས་ཅན་ཞིག་གི་བཀོད་སྒྲིག་ཡོད་མོད།  ཁྱེད་ཀྱི་ལས་ཀ་ནི་ཚད་མེད་རྒྱུན་མཐུད་ཅིག་ཡིན་པས།  ཐ་ན་དུས་ཚོད་ཀྱིས་ཀྱང་ཚད་གཞལ་ཐབས་མེད་དོ།

   དགེ་རྒན་ལགས།  ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་གུས། རྒྱུ་མཚན་ནི།  ཁྱེད་ལ་གསེར་ལས་བཟང་བའི་ལྷག་བསམ་ཞིག་ཡོད་པས།  ང་ཚོར་ཕམ་ཁ་བྱུང་ཚེ།  ཁྱེད་ཀྱིས་ང་ཚོར་མདུན་སྐྱོད་ཀྱི་སྒུལ་ཤུགས་བསྩལ་བ་དང་།  ང་ཚོའི་བྱ་བ་ལམ་འགྲོ་བྱུང་སྐབས།  ཁྱེད་ཀྱིས་ང་ཚོ་དང་མཉམ་དུ་དགའ་སྤྲོ་ཡི་སྣང་བ་ལོངས་སུ་སྤྱོད་པ་རེད།  ང་ཚོར་གྲུབ་འབྲས་ཕྲན་བུ་ཐོབ་ནས་ང་རྒྱལ་གྱི་མགོ་བོ་གཟེངས་སུ་སྟོད་སྐབས།  ཁྱེད་ནི་ང་རྒྱལ་གྱི་མེ་ཕུང་གསོད་པར་བྱེད་པའི་བདུད་རྩིའི་སྨན་ཆུ་ཞིག་ཡིན།  དེའི་ཕྱིར།  ཁྱེད་ནི་ང་ཚོའི་བཤེས་གཉེན་དམ་པ་ཡིན་ལ།  བློས་ཐུབ་ཀྱི་གྲོགས་པོའང་ཡིན།

    དགེ་རྒན་ལགས། ཁྱེད་ཀྱི་བཀའ་དྲིན་ནི་རི་རྒྱལ་ལྷུན་པོ་ལྟར་དཔངས་མཐོ་ལ།  མཐའ་ཡས་རྒྱ་མཚོ་ལྟར་གཏིང་ཟབ་ཙམ་དུ་མ་ཟད།  ཁྱེད་ཀྱི་ལྷུན་ཆགས་ཀྱི་གཟུགས་གཞི་ནི་ང་ཚོའི་རྒྱབ་རྟེན་ཡིན་པས།  ང་ཚོ་ནམ་ཡང་ཁྱེད་ཀྱི་འོད་གོར་གྱི་ཐུ་འོག་ན་འཚར་ལོངས་འབྱུང་གིན་ཡོད།  དེ་བས།  སྒམ་ཞིང་བརླིང་བའི་ལྟ་སྤྱོད་དེ་དག་རྡོ་བརྐོས་ཀྱི་རི་མོ་བཞིན་ངའི་སེམས་ནང་དུ་ནམ་ཡང་ཡལ་མེད་དུ་འཛིན་པར་ངེས།


  • ལེ་ཚན་སྔོན་མ།:དཔྱིད་ཆར་དང་པོ།
  • ལེ་ཚན་རྗེས་མ།:མཐུན་སྒྲིལ།