སློབ་གྲྭའི་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་ཉེན་མེད་དང་གོ་རིམ་ལྡན་པའི་སྒོས་སློབ་མགོ་བཙུགས།

དབྱངས་ཅན་གྱིས་བསྒྱུར།        2020-09-04

སློབ་གྲྭའི་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་ཉེན་མེད་དང་གོ་རིམ་ལྡན་པའི་སྒོས་སློབ་མགོ་བཙུགས།

སྤྱི་ཟླ9པའི་ཚེས1ཉིན་གྱི་ཞོགས་པར་གསར་འགོད་པས་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག གཟུགས་པོའི་དྲོད་ཚད་འཇལ་བ་དང་། ཁ་རས་གྱོན་པ་སོགས་ཀྱི་ཞིབ་བཤེར་བྱས་རྗེས་གོ་རིམ་ལྟར་བྱིས་པ་ཁང་དུ་འགྲོ་བཞིན་པར་མཐོང་།

སློབ་མགོ་འཛུགས་པའི་ལས་ཀ་སྣ་ཚོགས་གོ་རིམ་ལྡན་པའི་སྒོས་སྤེལ་ཐུབ་པར་ཁག་ཐེག་བྱ་ཆེད། སྤྱི་ཟླ8པ་ནས་བཟུང་དར་མདོ་གྲོང་ཁུལ་གྱི་བྱིས་པ་ཁང་སོ་སོས་གཅིག་རྗེས་གཉིས་མཐུད་དུ་འཕྲིན་ཕྲན་ཚོགས་པར་བརྒྱུད་ནས། སྔར་ཚེ་ཁྱིམ་བདག་ལ་རིམས་འགོག་གི་ཤེས་བྱ་ཆུང་ཆུང་དང་། བྱིས་པ་ཁང་དུ་ཞུགས་པའི་ཤེས་བྱ། གང་ལྟར་བྱས་ཏེ་ཕྲུ་གུའི་རང་མགོ་ཐོན་ནུས་སོགས་ཀྱི་སྦྱོང་བརྡར་བྱས་པར་མ་ཟད། ད་དུང་སློབ་མགོ་མ་འཛུགས་སྔོན་གྱི་ཉིན་ཁ་ཤས་ལ་དགེ་རྒན་དང་ལས་བཟོ་པ་དང་ཁྱིམ་བདག་སོགས་སྒྲིག་འཛུགས་བྱས་ཏེ་སློབ་མགོ་མ་འཛུགས་སྔོན་གྱི་འཕྲོད་བསྟེན་དང་གཙང་སྦྲ་ཡག་པོ་བྱས་པ་དང་། བྱིས་པ་ཁང་གི་སློབ་ཁང་དང་། ཉིན་དགོང་གི་ཉལ་ཁྲི། བར་འཁྱམས། ཆབ་ཁང་། ཇ་ཁང་། གཞུང་ལས་ཁང་སོགས་ལ་ཁྱོན་ཡོངས་ནས་གཙང་སྦྲ་དང་དུག་སེལ་མཐའ་ཕྱིན་བྱས་ནས། ཁོར་ཡུག་གཙང་མ་དང་མཛེས་འགྱུར་ཡོང་བ་བྱས་ཏེ་ཕྲུ་གུ་རྣམས་སྤྱི་ཟླ9པའི་ཚེས1ཉིན་གཅིག་རྗེས་གཉིས་མཐུད་དུ་སློབ་གྲྭར་ཞུགས་པར་ཉེན་མེད་འགན་སྲུང་བྱས་པ་རེད།

གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་དོན། ད་ཆ་སློབ་གྲྭས་དོན་དངོས་དང་བསྟུན་ནས། འཛིན་གྲྭ་ཆུང་ཁག་གི་གྲོགས་པོ་ཆུང་ཆུང་ཚོ་ལོ་ན་ཆུང་ནས་རང་མགོ་ཐོན་ནུས་ཞན་པའི་གནས་ཚུལ་དང་འབྲེལ་ནས། འཛིན་གྲྭ་རེར་ཉམས་མྱོང་ཡོད་པའི་དགེ་རྒན་རེ་བཀོད་སྒྲིག་བྱས་པ་རེད།

ཁྱིམ་བདག་སྒྲོལ་མས་གསར་འགོད་པར་ང་ཚོའི་ཕྲུ་གུ་དེ་རིང་ནས་བཟུང་བྱིས་པ་ཁང་གི་འཛིན་གྲྭ་ཆུང་བར་སློབ་སྦྱོང་བྱེད་བཞིན་པ་རེད། ཁྱིམ་བདག་ཕྲུ་གུ་དང་མཉམ་དུ་ཡོང་ཆོག་པས་ཕྲུ་གུས་ངུ་འབོད་བྱེད་པའི་སེམས་ཁྲལ་དེ་བྱ་མི་དགོས་པ་རེད། སློབ་གྲྭས་སློབ་མའི་ཆ་ནས་བསམ་བློ་འདི་འདྲ་ཡག་པོ་ཞིག་གཏོང་འདུག་པས་ང་ཚོ་ཁྱིམ་བདག་རྣམས་ཧ་ཅང་བློ་བདེ་བ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ9པའི་ཚེས1ནས3ཉིན་གྱི་བར་ཁུལ་བྱིས་པ་ཁང་གི་འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གྲོགས་པོ་ཆུང་ཆུང་རྣམས་གཅིག་རྗེས་གཉིས་མཐུད་དུ་གོ་རིམ་ལྟར་སློབ་གྲྭར་ཞུགས་པ་རེད། སྤྱི་ཟླ9པའི་ཚེས2ནས3ཉིན་གྱི་བར་སློབ་གྲྭས་ད་དུང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་བརྗོད་དོན་གཙོ་བོ་བྱས་པའི་སློབ་མགོ་བཙུགས་པའི་སློབ་ཐེངས་དང་པོ་འཚོགས་པ་རེད།།

  • ལེ་ཚན་སྔོན་མ།:རང་ངོས་ནས་མགོ་བརྩམས་ཏེ་ནགས་སྲུང་མེ་འགོག་ལས་ཀ་སྒྲུབ།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།