ཨ་མའི་སེམས་ཤུགས།

གླེན་ཕྲུག་མ།        2020-08-12

    དེ་རིང་འབྲུག་སྒྲ་དང་ལྷན་ཆར་བ་ཆེན་པོ་ཞིག་འབབ་བཞིན་འདུག ཧོར་ལུང་ཁོག་ཟེར་བའི་ལུང་ཁུག་དེ་ན་ཆར་ཆུས་བརླན་བཞིན་པའི་དུད་ཚང་གཅིག་ཡོད་པ་དེ་ནི་ཨ་མ་ཞི་འཇམ་ཚང་རེད། ཁོང་ཚང་ནི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་ཐོག་ལ་ཟ་མཁན་མང་ལ་ལས་མཁན་ཉུང་བས། ཨ་མ་ཞི་འཇམ་གྱིས་ཁྱིམ་ཚང་འདིའི་མ་ཡི་འགན་ཁུར་བཞིན་ཡོད་པར་མ་ཟད་ཡོད་མེད་གཅིག་པའི་ཕ་དེ་ཡི་འགན་ཡོད་ཚད་ཀྱང་ཁོའི་མགོ་ཐོག་ལ་ལྷུང་ཡོད།དེ་བས་ཨ་མ་ཁོང་ནི་ཁྱིམ་ཚང་འདི་མི་ཡུལ་ལ་རྟག་བརྟན་གནས་བྱེད་ཀྱི་སྲོག་གི་རྩ་བ་རུ་གྱུར་ཡོད།

    ཕྱི་དྲོའི་དུས་ཚོད་བཞི་ཕྱེད་ལ་སླེབས་དུས། ཨ་མ་ཞི་འཇམ་གྱིས་ཁྱིམ་ལས་ཡོད་ཚད་འགུལ་རྗེས་བྱིས་པ་ཆུང་བ་དེ་རྒྱབ་ལ་ཁུར་ནས་ཞོ་མ་རུག་ཏུ་འགྲོ་གྲབས་བྱེད། མ་སོང་སྔོན་ལ་ཞི་ལུ་ཆེ་བ་དངུལ་དངོས་གྲུབ་ལ་ནུ་མོ་གཉིས་ལ་ལྟ་སྐྱོང་ཡག་པོ་གྱིས་ཞེས་ཡང་ནས་བསྐྱར་དུ་མངགས་བཅོལ་བྱས། ཨ་ཕ་དར་རྒྱས་ཞེས་རྒས་ཤེས་ལ་གོམས་མ་ཤེས་པའི་ཕ་ཞིག་ཡོད་པས།ལོ་ན་ཆེ་རུང་སེམས་པ་ཞུགས་མེད་སྟབས་ནམ་རྒྱུན་ཨ་མ་ཞི་འཇམ་ལ་གཅར་རྡུང་དང་གཅིག་གྱིས་ཤོག་གཉིས་ལས་ཤོག གཅིག་རེད་མི་འདུག་གཉིས་བཤད་མི་ཆོག་ཟེར་ནས་བཀོད་སྒྲིག་བྱེད་པ་ལས། རང་གིས་བྱ་སྤྱོད་ལ་ལན་གཅིག་ཀྱང་བརྟག་མྱོང་མེད། དེ་བས་དེ་རིང་ཡང་ཁོང་ཨ་བུ་ཚོ་ཤུལ་ལ་བསྐྱུར་ནས་རང་སྐྱིད་པོ་བྱེད་དུ་སོང་ཚར་བ་རེད།འོན་ཀྱང་ཨ་མ་ཞི་འཇམ་གྱིས་འཁང་ར་ཐེངས་གཅིག་ཀྱང་བྱས་མྱོང་མེད། དེ་རིང་ཡང་སྔར་ནང་བཞིན་ལས་ཀ་ཡོད་ཚད་རང་ཁེར་མའི་ཡིན་ཆོག་ཆོག་བྱས་ནས་ཞོ་མ་རུག་ཏུ་སོང་། རི་མགོ་མཐོ་བའི་ཐོག་ལ་བྱིས་པ་ཞིག་ཁུར་ཡོད་པས་རི་སྐེད་སླེབས་དུས་ཁོ་ཆད་ནས་ངལ་ཞིག་མི་གསོ་ཁག་མེད་བྱུང་། ཁོས་བྱིས་པ་སྔོན་ལ་ལངས་ནས་ནུ་མ་ཞིག་བླུད་རྗེས་ཡང་བསྐྱར་རྒྱབ་ལ་ཁུར་ཏེ་མུ་མཐུད་དུ་རི་མགོར་འཛེག ལ་བརྒལ་ནས་ལ་རྒྱབ་ལ་སླེབས་དུས་ཞོ་མ་ཚང་མ་ཁོག་ན་ཡོད་པ་མཐོང་བས་ཁོ་མོ་ཁོང་ཁྲོ་ཅུང་ལངས་རུང་ཁོ་མ་གཏོགས་འགྲོ་མཁན་སུ་ཡང་མེད་སྟབས་ཆར་བའི་འགྲོས་ཚད་དང་ལྷན་དུ་གོམ་ཆེན་མདུན་དུ་སྤོས།

    ཨ་མ་ཞི་འཇམ་ཁྱིམ་ལ་ཐོན་སྐབས་དུས་ཚོད་ལྔ་དང་ཕྱེད་ཙམ་རེད་ཚར་འདུག ཁོ་མོ་བྲེལ་འཚུབ་དང་བཅས་ཞོ་མ་གདང་ལ་འདོགས་ཞོར་བེའུ་རྣམས་གདང་བརྒྱབ་ནས་ཞོ་མ་བཞོ་གྲབས་བྱས། ཁྱིམ་ལ་བཞོ་ཟེའུ་ལེན་དུ་འགྲོ་སྐབས་བྱིས་པ་གསུམ་ཀས་གྲོ་ཕྱེ་དང་ཆུ་ཡིས་ཁྱིམ་ཚང་མ་གང་བར་བྱེད་ཡོད་པ་མཐོང་དུས་ཁོང་གི་གདོང་ལ་རེ་ཐག་ཆད་པའི་རྣམ་འགྱུར་ཞིག་ངོམ་བཞིན་ཕྱི་ལ་ཆར་པ་འབབ་ཀྱིན་ཡོད་པར་མ་ཟད་ཞོ་མས་ཁོ་སྒུག་ཡོད་པ་དྲན་པས་ཅི་བྱ་གཏོལ་མེད་ཀྱིས་ངང་ནས་བཞོ་ཟེའུ་ཁྱེར་ནས་གདང་ནང་ལ་འགྲོ་མ་རྒྱུགས་ཀྱིས་ལོག སུ་ཞིག་གིས་ཁོང་གི་སེམས་པ་རྟོགས་སེམས་ལ་གཉེར་བའི་སྡུག་དང་ཁོག་ལ་འཚགས་པའི་གཏམ་དེ་ཚོ་སུ་ལ་བཤད། བཤད་ས་དང་བརྟེན་ས་མེད་པས་ཨ་མ་ཞི་འཇམ་གྱིས་རྒྱབ་ལ་བྱིས་པ་ཁུར་བཞིན་ལག་ལ་བཞོ་ཟེའུ་བཟུང་དེ་མགོ་བོ་ཆར་པས་སྦང་ཞོར་བཞོ་མ་འཇོ་བཞིན་སྡུག་གི་མིག་ཆུ་ཆར་ལ་བསྐུར།

བེའུ་བེའུ་ཁང་ནང་ལ་བཙུད་དེ་འབྲི་རྣམས་སྒང་ལ་རྒྱག་དུས་ས་རུབ་ཚར།ཨ་མ་ཞི་འཇམ་གྱིས་བྱིས་པ་ཚོ་ལྟོགས་བཞིན་ཡོད་བསམས་ནས་འོ་མ་ཁྱེར་ཏེ་མྱུར་དུ་ཁྱིམ་ལ་འཛུལ་་སོང་།བྱིས་པ་གསུམ་གྱི་གོས་ལྷམ་བརྗེ་ཞོར་རྗེས་ནས་དེ་འདྲ་བྱེད་མ་འོང་ཨ། ཁྱེད་ཚོས་ད་དུང་དེ་འདྲ་བྱེད་ན་ཨ་མ་ཤི་འགྲོ་རེད་ཅེས་བརྗོད་ནས་དེ་འདྲ་མི་བྱེད་པའི་ཆེད་དུ་འཇིགས་སྐྲག་སློང་།འོན་ཀྱང་བྱིས་པ་ཆེ་བ་དེ་ཡང་ལོ་ལྔ་ལས་མེད་སྟབས་ཁོ་ཚོས་རྗེས་ནས་མི་ལས་ཟེར་བ་དཀའ་མོ་རེད།ཁྱིམ་གྱི་ཡན་མན་ཚང་མ་གད་དར་བྱས་ཚར་རྗེས།རང་གི་ལུས་ཐོག་གི་ལྕི་ལ་བརླན་ཟིན་པའི་གོན་པ་དེ་མ་བརྗེ་པར་དགོང་ཇ་ལས་མགོ་བརྩམས།འདི་ནི་ཨ་མའི་སེམས་རེད།འདི་ནི་ཨ་མས་བྱིས་པ་ལ་བཅངས་བའི་བརྩེ་བ་རེད།ནམ་ཡིན་ཡང་མགོ་མ་དྲན་པ་ནི་བྱིས་པ་ཡིན།ཨ་མ་ཞི་འཇམ་ནི་ངོ་མ་ཉིན་རྟག་པར་ལས་ཀའི་ནང་ལ་མགོ་འཁོར་ནས་འདུག་པ་ལས་ངལ་གསོ་བའི་དུས་ཤིག་ནམ་ཡང་མེད།འདི་དག་ཡོད་ཚད་ནི་སུ་ཞིག་གི་ཆེད་དུ་རེད།ཡོད་ཚད་བྱིས་པའི་ཆེད་དུ་མ་ཡིན་ནམ།

    ད་ལྟ་དུས་ཚོད་བཅུ་གཉིས་དང་ཕྱེད་རེད།ཨ་མ་ཞི་འཇམ་ནི་ཉིན་གཅིག་ལ་ལས་ཀ་ལས་པས་དཀའ་བས་ཐང་ཆད་ནས་གཉིད་གྱི་གདངས་ལ་ལོག་འདུག བྱིས་པ་ཚོ་ཡང་དེ་བཞིན་རེད། ཁྱི་གྲལ་ལ་ཡང་མི་ཚུད་པའི་ཨ་ཕ་དར་རྒྱས་གང་ཞིག་ནས་ཡོང་བ་མི་ཤེས།བསམ་བློ་ཅི་ཡང་མི་གཏང་བ་སྒོ་ལ་རྡོག་ཐོ་ཞིག་བརྒྱབ་ནས་སྒོ་ཆག་སྒྲ་དང་བཅས་ནང་ལ་ཕྱེ་བ་དང་ཆབས་ཅིག་རང་ཉིད་ཡང་སྦབ་སེ་ནང་ལ་ལྷུང་སོང་།ཨ་བུ་ཚང་མ་འཇིགས་སྐྲག་དང་བཅས་གཉིད་ལས་སད་པ་དང་ཨ་མ་ཞི་འཇམ་མྱུར་དུ་ཡར་ལངས་ནས་ཨ་ཕ་དར་རྒྱས་སྐྱོར་དུ་སོང་། ཁང་བའི་ནང་ཚང་མ་བྱིས་པ་ཚོའི་ངུ་སྒྲས་ཁེངས།ཨ་མ་ཞི་འཇམ་གྱིས་ཡང་ཆང་འཐུང་ཡོད་པ་ཤེས་ནས། “ཁྱོས་ཡང་ཆང་འཐུང་ཡ།”ཞེས་འདྲི་སྐབས།ཨ་ཕ་དར་རྒྱས་ཀྱིས་འགྲམ་ལྕག་ཅིག་དང་ལྷན་དུ་“ཁྱོས་ཅི་ཞིག་ཤེས།”ཞེས་བཤད།སྐབས་དེ་ལ་ཨ་མ་ཞི་འཇམ་གྱི་སེམས་ལ་གཏམ་རྩུབ་གྱིས་རྨ་བྱས།གདོང་ལ་ལག་ངར་གྱིས་བཙན་བྱས་པས།མིག་ཆུ་བཞུར་ཞོར་བཟའ་འཐོར་བྱེད་རྒྱུ་སེམས་ཐག་རྦད་དེ་བཅད།ཐེངས་འདི་ལ་མི་ཚད་ནམ་རྒྱུན་འདི་འདྲ་ཡིན་པས་ད་གཟོད་སེམས་ཐག་འདི་བཅད་པ་ཡིན་ལ་མིག་ཆུ་འདི་ཡང་བྱིས་པ་ཚོའི་ཆེད་དུ་བཞུར་བ་ཡིན།བྱིས་པ་ཚོ་ཕ་མེད་དྭ་ཕྲུག་ཅིག་ལ་མི་འགྱུར་བའི་ཆེད་དུ་ཁོང་གིས་སྡུག་རུས་ཅི་ལྟར་བྱེད་རུང་ཕ་དར་རྒྱས་ལ་ནི་སེམས་འགུལ་དང་བསྒྱུར་བཅོས་ཅི་ཡང་མེད་པས།ད་ནི་སེམས་པ་གཏན་ནས་ཤི་ཞིང་རེ་བ་རྦད་དེ་ཆད།

    དུས་དེ་ནས་བཟུང་ཨ་བུ་ཚོ་ལ་ཀླད་ཀྱི་ཁང་བ་དེ་དང་ཟོག་འགའ་ལས་མེད་རུང་།གཅར་རྡུང་གིས་གནར་གཅོད་དང་ཁྱིམ་ཚང་ལྷིང་འཇགས་ཤིག་གྱུར་ཡོད་སྟབས།ཨ་མ་ཞི་འཇམ་གྱིས་དཀའ་ལས་ཅི་ལྟར་མྱོང་རུང་དེ་ནི་བདེ་སྐྱིད་ཅིག་ཏུ་སྒོམ། དེ་ལྟར་ལོ་དང་ཟླ་བ་བརྒལ་བཞིན་པས།བྱིས་པ་ཚོ་ཡང་ཆེན་པོ་རེད་དེ་ཁྱིམ་ཚང་མ་ཕྱུག་ན་མི་སྡུག་པའི་གྲལ་ལ་སླེབས།ཨ་བུ་ཚང་མའི་གདོང་ལ་འཛུམ་དང་ཁྱིམ་ལ་གཡང་འཁོར། འོན་ཀྱང་ཨ་ཕ་དར་རྒྱས་ནི་ཀླད་ལ་ཁང་མེད།ཁྱིམ་ལ་རྒྱུད་མེད་པར་གཞན་གྱི་བྱིས་པ་ཞིག་གིས་རྒས་དུས་གཡོག་མིན་ལ་ཐེ་ཚོམ་ཟ་བཞིན་སྔར་བཞིན་ཆུང་མ་གཅར་རྡུང་གི་ལས་ལ་ཞུགས་ནས་བསྡད་ཡོད། དེ་བས་བརྩེ་དུངས་ཡོད་ཚད་ཁྱེད་ཀྱིས་བློས་གཏང་ཆོག་པའི་བརྩེ་དུངས་མིན་ལ།བྱིས་པའི་ཆེད་དུ་ཁྱེད་ཀྱིས་རང་ཉིད་སྡུག་ལ་སྦྱར་དགོས་དོན་ཡང་མེད། སྡུག་དུས་ལག་ཟུང་རྐྱོང་མཁན་དང་སྐྱོ་དུས་སེམས་པ་གསོ་མཁན་ཞིག་ཡོད་ན་སྐྱེས་མ་སུ་ཡིན་རུང་རེ། འོན་ཀྱང་ཕ་དར་རྒྱས་ལྟ་བུའི་བཟའ་ཟླ་ཞིག་མེད་རུང་ཆོག་ལ།ཕ་དར་རྒྱས་ལྟ་བུའི་ཕ་མགོ་སྟོང་ཞིག་བྱིས་པ་ཚོ་ལ་ཡང་མེད་ན་དགའ།དེ་བས་ཨ་མ་འདི་ལ་འདི་ལྟ་བུའི་སྙིང་སྟོབས་གང་ནས་ཡོང་བ་རེད་ཟེར་ན། དེ་ནི་བརྩེ་དུངས་ལས་ཐོབ་པའི་མནར་གཅོད་དང་འཚོ་བ་ཡིས་སྟེར་བའི་གནོན་ཤུགས་ལས་བྱུང་བ་རེད།


  • ལེ་ཚན་སྔོན་མ།:སྟོད་ལྷ་ས་གང་རེད།
  • ལེ་ཚན་རྗེས་མ།:སྡེ་བའི་རྒན་པ།