བྱམས་ལྡན་མ་ལོ།

བསམ་འཕེལ།        2020-06-22

འཇིག་རྟེན་འདིར་སྐྱེད་མེད་དབྱངས་ཨ་དང་ལྡན་པའི་མ་ལོ། མི་ལུས་རིན་ཆེན་གནང་བའི་བྱམས་ལྡན་གྱི་ཨ་མ། ཁྱེད་ཀྱིས་གདུག་རྩུབ་ཆེ་བའི་དགུན་ཁའི་ཙག་རླུང་དང་དབྱར་ཁའི་དྲག་ཆར་ཁྲོད་ནས། སྐྲ་དཀར་རླུང་ལ་སྐྱོད་བཞིན་དཀའ་བ་ཁྲི་ཕྲག་ཕྲག་སྟེང་དུ་ཁུར་ནས་རང་གི་བུ་ཕྲུག་སློབ་གྲྭར་མངགས་པ་ངོ་མ་རླབས་ཆེན་རེད།

ཨ་མ་ལགས། ཁྱེད་ཀྱིས་ང་རང་འཇིག་རྟེན་འདིར་སྐྱེས་མ་ཐག་ནས་དབྱར་དགུན་སྟོན་དཔྱིད་མེད་པར་ང་ཁུར་ནས་འཚོ་བའི་དཀའ་ངལ་རེ་རེ་དང་འགག་འཕྲང་རེ་རེའི་སྐས་རིམ་འཛེགས་ནས་ངའི་ཆེད་དུ་དཀའ་ངལ་མྱངས་བ་བཀའ་དྲིན་ཆེ། ད་རུང་ཁྱེད་ཀྱིས་དགོང་ཕྱི་ཉལ་དང་ནངས་སྔ་ལངས་བྱས་ནས་ང་ཚོའི་ཆེད་དུ་འབད་བཞིན་པ་འདི་ངོ་མ་བརྗེད་ཐབས་མི་འདུག ང་རང་ཆུང་དུས་སུ་ཨ་མའི་ནུ་འོ་ཡིས་གསོ་སྐྱོང་བྱས་ནས་ནར་སོན་པ་ཡིན། ན་གཞོན་ལ་སླེབས་རྗེས་ཨ་མའི་ཁ་ཏ་སློབ་གསོ་ཡིས་ནར་སོན། ད་དུང་། ཨ་མས་ངའི་གཅིན་སྐྱག་ལག་པ་དྲོན་མོས་ཕྱིས་པ་མ་ཟད། ཟས་ཞིམ་པོ་དང་གོས་ཡག་པོ་ང་ལ་གནང་བ་རེད། ཨ་མས་རྔུལ་ཆུའི་ཁྲོད་ནས་བསགས་པའི་དངོས་པོ་ཚང་མ་ང་ལ་བྱིན་པ་རེད། ང་རང་སློབ་གྲྭར་མངགས་ནས་ཨ་མ་གཅིག་པུས་མཐོ་སྒང་ན་དུད་འགྲོའི་རྗེས་འབྲངས་ནས་ང་ཚོའི་ཆེད་དུ་འབད་བཞིན་ཡོད་ལ། ཨ་མས་རྒྱུན་པར་ང་ལ་སློབ་ལ་འབད་བརྩོན་བྱོས་དང་། རྗེས་ཕྱོགས་རང་གི་འཚོ་བར་དེ་འདྲའི་དཀའ་ངལ་མེད་ཟེར། ཨ་མས་ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བར་སེམས་ཁུར་བྱས་ཤིང་ང་ཚོ་སློབ་གྲྭར་མངགས་པ་རེད།

ཨ་མ་ལགས། ཁྱེད་ནི་ང་ཚོའི་འཚོ་བའི་རྒྱབ་རྟེན་ཡིན་ལ་བླ་སྲོག་ཀྱང་ཡིན། གལ་སྲིད་ཁྱེད་མེད་ན། བུ་ཆུང་ང་གངས་རི་ར་བས་བསྐོར་བའི་ས་ལའི་སྨན་ལྗོངས་འདིར་སྐྱེས་ག་ལ་སྲིད། མཛེས་སྡུག་ལྡན་པའི་སློབ་གླིང་འདིར་ཡང་སླེབས་ག་ལ་སྲིད།

དྲིན་ཆེན་གྱི་ཨ་མ། ཁྱེད་ནི་འཇིག་རྟེན་འདིའི་སྟེང་ཆེས་རླབས་ཆེ་བའི་བུད་མེད་དེ་ཡིན་ལ། ཁྱེད་ཀྱི་བླ་ན་མེད་པའི་བཀའ་དྲིན་དག་ཕྲན་གྱི་སེམས་སུ་རྡོ་བརྐོས་རི་མོ་བཞིན་བཟུང་ཡོད། ཁྱེད་ཀྱིས་ང་ལ་བཅངས་བའི་རེ་བ་དེ་ངས་གཏོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།

མཇུག་མཐར་བུ་ཆུང་ངས་སློབ་ལ་འབད་བརྩོན་ལྷོད་མེད་བྱས་ནས་མ་འོངས་པར་ངེད་མ་བུ་གཉིས་ཀྱི་མཉམ་འཛོམས་ཀྱི་སྐལ་བ་བཟང་པོ་དེ་བསུ་རུ་འགྲོའོ།།

མ་ཡུམ་ལགས། ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ་ནད་ཟེགས་མ་ཙམ་ཡང་མི་ཕོག་པའི་སྨོན་འདུན་ཞུ།

  • ལེ་ཚན་སྔོན་མ།:ཨ་མའི་བརྩེ་སེམས།
  • ལེ་ཚན་རྗེས་མ།:ཡུམ་གྱི་བསླབ་བྱ།