བློས་བསླངས་ཀྱི་ཕྱི་ནང་།

ཁམས་སྨྱོན་ཧེ་རུ་ཀ        2020-06-04

    མུན་པ་ག་ལེར་རུམ་ལ་ལུག་ཡོང་དུས་ཁ་བས་གཡོགས་པའི་རི་ཚོགས་མཐོང་ཐབས་མི་འདུག རི་འདབས་ཀྱི་ལུག་རྫི་དང་སྒོ་ཁྱི་ཡང་མཐོང་ཐབས་མེད་པ་འདྲ། ཉི་ཟེར་གྱིས་ཟོས་པའི་གཙང་བོའི་གཉེར་རིས་གང་དེ་མུན་པའི་ལྷམ་ཆུང་གྱོན་ནས་ཕ་ཡུལ་ལ་ཐེངས་གཅིག་ལོག་ན་འདོད། བགྲེས་པོ་ཚོས་མི་ལོ་སྟོང་ཕྲག་ལྷག་ཏུ་བརྟན་སྲུང་དུ་གྱུར་པའི་ཡུལ་དེར་ཐེངས་གཅིག་ཕེབས་ན་འདོད། ཕ་ཡུལ་ལ་བཞུར་ཤུལ་ན་ཉི་མས་ལ་མོ་བརྒྱབ་ཅིང་། ཟླ་བས་མཆི་མ་ལུད་པའི་ལས་ཀྱིས་བསགས་པའི་མུན་པ་སྟུག་པའི་མཚན་མོ་ཞིག་བསྐྲུན། མི་ཚེ་གཙང་པོ་ལྟར་བཞུད་ཅིང་། དུས་ཚོད་དཔྱིད་ལྟར་ལྡང་བ་གཞི་ནས་རྟོགས།ཤ་རུས་ཆག་པའི་རྣམ་ཤེས་ལྡོམ་པོ་ཞིག་མུན་པའི་དཔུང་ཁྱུ་མཐུག་པོ་དེར་འཐིམ།

ཕྱི་ནང་ཀུན་ཏུ་འཁྱག་སིབ་སིབ་ཀྱི་ཟིལ་བ་ལྷུང་ཞིང་། ཟིལ་བ་དེ་ཨ་མའི་བཞོ་ཟེའུ་ལས་འཕུར་བའི་འོ་མའི་ཟིལ་བ་ཞིག་ཨང་། མུན་པའི་སྒལ་གཞུང་དུ་གནམ་སའི་མཐའ་ནས་སྐར་མདའ་ཞིག་ཀྱང་ག་ལེར་ལྷུང་སོང་། སྒོ་དང་སྒེའུ་ཁུང་ཡོད་ཚད་ནག་ཡོར་རེ་གྱུར། མུན་པའི་ཁྲོད་ནས་སྐར་འོད་ལམ་ལམ་ཞིག་འཚོལ་འདོད། གྲང་རླུང་ཁྲོད་ནས་ཨ་མའི་ཞིམ་མངར་ལྡན་པའི་ནུ་ཞོའི་དྭངས་ཤ་དེ་མིད་ན་འདོད། སྐྱ་རེངས་གསལ་ཚེ་སྡིག་སྒྲིབ་ཀྱི་འདམ་དུ་བྱིང་བའི་ང་དང་ཁྱོད་ཕྱི་ནང་གི་འདུ་འཛི་ལས་བརྒལ་ཐུབ། དེ་ནི་ཞི་དད་ལྷོ་འཇགས་སུ་གནས་པའི་དན་རྟགས་ལགས།

    གོ་ལའི་སྤྱི་གཙུག་ཏུ་འགྲེངས་ནས་སྟོང་ཁམས་ཆེན་མོར་ཀི་རིང་ལན་གསུམ་བཏབ་མོད། སྟོང་ཁམས་ཆེན་མོ་ནི་མཐའ་མེད་ཀྱི་དབྱིངས་དེ་འདྲེས་པས་ཀི་རིང་ལ་ཨ་ལན་བྱ་མཁན་ཞིག་ཀྱང་མ་རྙེད། ཕྱི་རོལ་གྱི་སྐད་སྒྲ་འཇགས་ཟིན་རུང་། སྡོང་མགོ་ཡི་བྱ་ཁྱུ་ད་རུང་གཉིད་མི་འདུག ཟླ་འོད་ཀྱང་ལྷུག་གེར་འདུག སེམས་ཀྱི་གཙང་པོའང་ཁུ་སིམ་མེར་འདུག འོན་ཀྱང་ལོ་རྒྱུས་ཀྱི་མིག་ཤེལ་གྱོན་པའི་བགྲེས་པོ་དེ་འཆི་ལ་ཁད། དུས་རབས་སྒལ་པར་ཁུར་ནས་གནས་འདིར་ཐོན་དུས། ལོ་རྒྱུས་ཀྱི་ཆུ་མོ་འཐུང་མཁན་ཧ་ཅང་དཀོན་པའི་ཕྱིར་རོ། །

   རྣམ་ཤེས་འཁྱམ་པོ་ཁ་ཤས་ཕྱི་ནང་ཀུན་ཏུ་ཉུལ་དུས། འབྲོག་ས་ཐམས་ཅད་གཞན་གྱི་ལག་མཐིལ་དུ་ལྷུང་ཚར། རྒྱང་རིང་གི་རི་ཚོགས་དག་ཀྱང་ལྷུང་ལ་ཁད། ཉི་འོད་ཀྱི་ཆུ་ལ་ཐིམ་པའི་བརྡ་ཡིག་དག་སོ་སོར་གྱེས་ནས་རྒྱང་རིང་ནས་ཡོང་བའི་འགྲུལ་བ་དག་སྣེ་ལན་དུ་བྲེལ། ཕྱི་རོལ་གྱི་ཡི་གེ་མ་བྲིས་པའི་གསེར་རྒྱ་ཕིབས་དེའང་ཐ་སྙད་མ་ཡིན་པའི་རྡོ་ཡི་རྩིག་པའི་གསེང་དུ་ཡལ། ཚིག་ལ་མ་ཆགས་པའི་སྙིང་རྗེའི་རྩ་མདུད་ནས་ལྷོད་ཀྱིས་གྲོལ་བའི་ཆོས་སྒྲ་སྙན་པོ་དེའང་རི་ཐང་གཙང་པོའི་གཟེབ་ཏུ་ཡལ།

   བློས་བསླངས་ཀྱི་ཕྱི་ནང་ལ། འདས་སོང་རྒྱང་ལ་བཞུར་བའི་གཙང་པོ་ཡོད་ལ། ཕྱིར་ལ་ལྡོག་པའི་བསྐལ་བ་སྟོང་ལ་བཞེངས་པའི་གླེགས་བམ་ཡང་ཡོད།

   བློས་བསླངས་ཀྱི་ཕྱི་ནང་ལ། ཞིག་རལ་དུ་གྱུར་པའི་མཁར་རྙིང་མང་པོ་ཡོད་ལ། བགྲེས་པོ་ཞིག་ཁ་ལ་ལྕགས་ཀྱི་ཟྭ་ཆེན་ནག་པོ་བརྒྱབ་པ་ཞིག་ཀྱང་ཡོད་ཨང་།


  • ལེ་ཚན་སྔོན་མ།:དཔྱིད་དུས་འདིར་ངས་ཁྱོད་རང་དྲན།
  • ལེ་ཚན་རྗེས་མ།:འགྱུར་བ་འདི་བརྩེ་བ་རེད།