དཔྱིད་དུས་འདིར་ངས་ཁྱོད་རང་དྲན།

ཁམས་སྨྱོན་ཧེ་རུ་ཀ        2020-06-03

    ནམ་ཟླ་སྔོན་པོར་གྱུར་པའི་དཔྱིད་དུས་འདིར། ཁ་ཕྱོགས་ངེས་མེད་ངང་ལོ་མ་སྔོན་པོ་བསིལ་རླུང་དང་ཁ་ཆར་འདྲེས་མས་གྲོགས་བྱས་ཏེ་གང་སར་འབུལ་མགོ་བརྩམས་བྱུང་། ཁྱོད་ཉིད་ལ་སྔར་ལས་ལྷག་པའི་མཚར་ལ་སྡུག་པའི་ཞལ་རས་སྒོར་སྒོར་ཞིག་སྨིན་མགོའང་བརྩམས། དྭངས་གཙང་གི་བསིལ་རླུང་སྒེའུ་ཁུང་ལས་འཕྲོས་པའི་འོད་སྣང་བཞིན། ཡང་བསྐྱར་ངའི་སེམས་ཀྱི་གཏིང་སར་ག་ལེར་ཐེངས་གཅིག་འཛུལ་བྱུང་། སྐྱ་ཐང་ཐང་གི་རི་ལུང་ཡོངས་རྫོགས་ལྗང་མདོག་གི་ལྭ་བ་སོ་མ་གྱོན་ཞིང་།མེ་ཏོག་དཀར་དམར་གྱི་རྒྱན་ཆས་ཕྱུག་པའི་གྱོན་ཆས་ཧྲལ་ཧྲུལ་གྱིས་བཏུམས་པའི་དབུལ་ཕོངས་ཤིག་གློ་བུར་རྒྱུ་ནོར་མཛོད་ལ་མི་ཤོང་བའི་འབྱོར་ལྡན་ཞིག་ཏུ་གྱུར་པ་དང་ཅི་འདྲ་མཚུངས་ཨང་། དཔྱིད་དུས་འདིར། སྔོ་ཐིང་ཐིང་གི་ནམ་མཁའ་ལ་ལུག་ཁྱུ་ལྟ་བུའི་སྤྲིན་ཚོགས་གཡོ་ཞིང་། གནམ་ས་འཁོལ་བའི་སྒྲ་སྐད་ཀྱི་འཇིག་རྟེན་འདིའི་ལྷིང་འཇགས་ཀྱི་ཚོར་བ་ཡོད་ཚད་དཀྲོག དཔྱིད་དུས་འདིར། འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ཚང་བའི་དབྱར་ཁའི་བདེ་སྐྱིད་བསུ་བར་བྲེལ་ཞིང་། ཡིད་དུ་འོང་བའི་དབྱར་དུས་ཀྱི་ཚོར་བ་དེ་བས་ཀྱང་མྱོང་ན་འདོད་མཁན་གྱི་སྐྱེ་བོའི་ཚོགས་ཀྱི་གྲལ་ནས་ཁྱོད་རང་སྔར་བཞིན། ངའི་དྲན་པའི་ཀློང་ནས་སྔོན་མོ་སྤང་ལས་འཁྲུངས་པའི་སེར་ཆེན་མེ་ཏོག་ཅིག་ཏུ་གྱུར།

 ང་ཚོའི་མཐོང་ལམ་གྱི་དུས་བཞིའི་འགྱུར་བ་དེ་ཅི་འདྲ་ངོ་མཚར་ཞིག་ཨང་། རྒན་དར་བྱིས་གཞོན་གྱི་ལང་ཚོའི་འཕེལ་གྲིབ་དང་འདྲ་ཞིང་། བཟོད་དཀའ་བའི་དགུན་དུས་ཀྱི་གྲང་ངར་དང་། ཡིད་དུ་འོང་བའི་དབྱར་དུས་ཀྱི་དཔལ་ཡོན་སོགས་མིག་ལམ་དུ་མངོན་ཐེངས་རེ་རེར་མངར་སྐྱུར་ཁ་གསུམ་གྱི་མི་ཚེ་ཡི་འཚོ་བའི་ལམ་ཕྲན་དུམ་བུ་ཞིག་དང་ཡོངས་སུ་མཚུངས། དེ་ཡིས་ང་ཚོ་མི་རྟག་པའི་རང་བཞིན་མངོན་ཡོད་ལ། འཁོར་བ་ལ་སྙིང་པོ་ཡོད་མེད་ཀྱི་བསླབ་བྱ་ཟབ་མོ་ཞིག་དང་། མི་ཚེའི་ལམ་འཕྲང་རིང་མོར་བསྐྱོད་པའི་ཉམས་མྱོང་དུམ་བུ་ཞིག་རེད་ཨང་། གྲང་ངར་གྱི་དུག་མདའ་ངར་མ་ལ་རིམ་བཞིན་གྱེས་དུས། སེར་ལམ་ལམ་དུ་འཕྲོ་བའི་ཉི་འོད་ཀྱི་ཐོག་མ་དེའི་དྲོད་ཁུལ་རྟོགས་བྱུང་། འཇམ་བསིལ་གྱི་རླུང་བུའི་ཕྱག་ཟུང་གཡར་ནས་དཔྱིད་ཐ་མའི་མེ་ཏོག་གཡར་ཐོ་ཐང་པ་དེ་བཏུས་ཏེ་ཁྱོད་ཀྱི་ལམ་བུར་དྲི་ཞིམ་སྣ་ཚོགས་བསྐྱིལ་བར་འདོད། ནམ་མཁར་ཡིད་འོང་དུ་ཤར་བའི་འཇའ་ཚོན་མཛེས་པོ་དེ་ངའི་ལག་ཟུང་སྣུམ་པོས་ཁ་བཏགས་བཞིན་ཁུར་ཏེ་ཁྱོད་ཀྱི་མགུལ་པར་བསྒྲོན་ན་བསམ། དཔྱིད་ཆར་ཐོག་མ་དེ་སྤྱད་དེ་ཁྱེད་ཀྱི་སྐུ་གཟུགས་ལས་ལན་གཅིག་བཀྲུ་ན་འདོད། ངའི་དྲན་འཛིན་ཁྲོད་ཀྱི་ཟླ་བ་ལགས།

   དཔྱིད་དུས་འདིར། མ་རྙེད་པ་དེ་རྙེད་ན་བསམ་ཞིང་། ཐོབ་འོས་པ་དེ་སྐྱེན་པོར་ཐོབ་པའི་སེམས་འགྱུ་ལྷག་མ་སྐྱེ་བྱུང་། ནམ་རྒྱུན་གཡར་དམ་གྱི་ཕྱིར་དྲན་རིང་མོས་ཁྱོད་ཀྱིས་གཞན་དག་གི་ཚོར་དཀའ་བའི་མཆི་མའི་ལྟེང་ཀ་བསྐྲུན་པ་ཐེངས་གཅིག་ག་ལ་ཚད། ལྗང་མྱུག་འབུས་དུས་གནའ་སྔོ་མོ་ནས་རང་ཉིད་ཀྱི་རྡོག་ཤུལ་འཛིན་མར་བཀོད་པ་ཚོར། རང་ཉིད་ཀྱི་ཁ་དོག་དེའང་བརྗེད་མེད་པར་རྟོགས། རེད་དེ། ཕྱེ་ལེབ་དང་བུང་བས་གར་སྟབས་བསྒྱུར་བའི་དུས་ཚིགས་སྣུམ་པོ་དེར་རང་ཉིད་ཀྱི་ལང་ཚོ་གང་སར་གཏོར། ནམ་ཟླ་སྐྱ་བོ་ཞིག་ལ་བདེ་མོ་བཞག་ནས་འཚེར་སྐད་ལྷང་ལྷང་གི་རྟ་ཁྱུའི་ཁྲོད་ཁྱོད་ནི་ཨུ་ཚུགས་ཆེ་བའི་རྟ་རྫི་དེ་ཡིན་ལ། འཁྱག་སིབ་སིབ་ཀྱི་གྲང་རླུང་གིས་ཁྱོད་ཀྱི་ཁེར་རྐྱང་གི་གྲིབ་གཟུགས་དེར་འགྲམ་ལྕག་གང་མང་གཞུས། ཡིད་གར་འོང་བའི་དུས་ཚིགས་དེར་ཁྱོད་ལ་སྔར་ལས་ལྷག་པའི་བསླུ་བྲིད་དང་སྒྱུ་རྩལ་གྱི་བཀྲག་མདངས་འཚེར། ནམ་རྒྱུན་གྲང་ཤུར་ཤུར་གྱི་ཁང་མིག་དེ་ནས་ཁྱོད་དང་མཉམ་དུ་ས་མཐའ་དེ་རུ་ཟླ་བའི་སྒེག་ཉམས་ལ་ལྟ་དུས། ངའི་སྙིང་དབུས་ན་བཞད་པའི་སེར་ཆེན་མེ་ཏོག་དེ་དང་ཁ་ཐག་ཇེ་ཉེ་ཇེ་ཉེ་རུ་སོང་བར་རྟོགས། ཁྱོད་རང་ངའི་གྲིབ་མ་དང་འདྲེས་ཉིན་མིག་ཀོང་ནས་ལྷུང་བའི་མཆི་མ་དྭངས་མོ་རེ་རེ་ཁྱོད་དང་ངེད་གཉིས་ཙམ་མ་ཡིན་པར་སྐབས་དེ་དུས་ཀྱིས་ཕྱིར་དྲན་རིང་མོ་ཞིག་ཨང་། དཔྱིད་དུས་འདིར་ངས་ཁྱོད་རང་དྲན་དུས། སྲིད་པའི་འཕོ་འགྱུར་སྣ་ཚོགས་ཁྲོད་རྟག་བརྟན་གྱི་རྡོ་རིང་དག་དྲན་འོང་། ལོ་ཟླའི་ཆར་རླུང་གི་འཇིག་པ་མེད་པ་མང་པོས་ནམ་ཡང་ཞུམ་པ་མེད་པའི་ཁྱོད་ཀྱི་སྙིང་སྟོབས་དང་། ལྷག་བསམ། བག་ཡོད་དང་། གཞན་ཕན་གྱི་ཆུ་ཀླུང་ཕ་མཐའ་བྲལ་བའི་འཛིན་པའི་ཀུན་ཏུ་ཁྱབ་པ་དྲན་འོང་། ཟུངས་ཁྲག་གི་བཞུར་རྒྱུན་སྔོན་མོ་ལྷོག་ལྷོག་ཏུ་འབབ་ཤུགས་ཇེ་ཆེར་འགྲོ་བཞིན་མཆིས།


  • ལེ་ཚན་སྔོན་མ།:རི་ཆུའི་ཧྲག་བར་གྱི་སྒྱུ་རྩལ།
  • ལེ་ཚན་རྗེས་མ།:བློས་བསླངས་ཀྱི་ཕྱི་ནང་།